མི་རིང་བའི་གོང“ཧོར་སྦྲ་ཆེན་ཞང་ཞུང་རིག་གནས་རྒྱུན་འཛིན་ཡག་པོ་བྱེད་པའི”རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བདེ་བླག་ངང་འཚོགས་ཤིང་། དེས་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་20ལྷག་ཙམ་སྦྲ་ཆེན་རྗོང་གི“ཁྲི་འདུས་སྟོང་ཤོང”སྦྲ་གུར་ནང་སྐྱས་སྤོས་འབྲོག་པའི་རིག་གནས་ཉམས་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
སྦྲ་ཆེན་དུ་སྦྲ་གུར་འཐག་རྩལ་རྒྱུན་འཛིན་ཡག་པོ་བྱུང་ནས་ཡུལ་དེའི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད།
འདི་ལོ་ནི་རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་ནས་ལོ་10འཁོར་གྱི་ཡོད། ལོ་10ཡི་རིང་རང་ལྗོངས་ཀྱིས་ཐབས་མང་མཉམ་དུ་སྤྱད་དེ་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་རིམ་པ་བཞི་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་མིང་གཞུང་གི་མ་ལག་རིམ་བཞིན་བཙུགས་ཏེ་འཐུས་སྒོ་ཚང་དུ་བཏང་ཡོད། ཟླ་6ཚེས་10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་ལྔ་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་གི་རྒྱ་སྐྱེད་རྣམ་གྲངས་ཀྱི་མིང་གཞུང་ཁྱབ་བསྒྲགས་བྱས་པའི་ནང་བོད་རང་སྐྱོང་ལྗོངས་ནས་སྦྲ་ཆེན་གྱི་སྦྲ་གུར་འཐག་རྩལ་སོགས་ཚུད་པའི་རྣམ་གྲངས་17མིང་གཞུང་ནང་བཅུག་ཡོད། དེས་ན་བོད་རང་སྐྱོང་ལྗོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་106བར་མང་དུ་ཕྱིན་ནས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་རིགས་ཆེ་གྲས་བཅུ་པོ་དེ་དག་ཁྱོན་ཡོངས་ལ་ཁྱབ་ཐུབ་ཡོད།
རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་སྔར་ན་མེད་པ་བྱས་ཡོད།
གཞིས་རྩེ་ནས་ཡིན་པའི་ཕུན་ཚོགས་བཀྲ་ཤིས་ནི་སྨན་ཐང་ལུགས་ཀྱི་ལྷ་འབྲི་བ་ཞིག་ཡིན་ཞིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཆེད་སྟོབས་ཤུགས་ཕྲན་བུ་ལེགས་སྐྱེས་འབུལ་རྒྱུ་བྱུང་བ་དེ་ཁོང་གིས་གཟི་བརྗིད་ཆེན་པོ་ཞིག་ལ་བརྩི་གི་ཡོད། “ཏང་ཀྲུང་དབྱང་གི་ཐུགས་ཁུར་བྱམས་སྐྱོང་དང་རང་སྐྱོང་ལྗོངས་ཀྱི་ཚད་མཐོའི་མཐོང་ཆེན་འོག་ད་ཆ་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་རེད”ཅེས་ཕུན་ཚོགས་བཀྲ་ཤིས་ཀྱིས་བརྗོད།
གྲངས་གཞི་ལས་མངོན་པར་གཞིགས་ན། 2020ལོའི་ལོ་མཇུག་བར་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་མ་དངུལ་སྒོར་དུང་ཕྱུར་2.23དང་སྒོར་ཁྲི་9592བཏང་ཡོད། ལྗོངས་ཡོངས་ནས་བོད་ལྗོངས་སློབ་ཆེན་སོགས་སློབ་གྲྭ་དང་སློབ་གླིང་8ལ“བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྟེན་གཞིའི”མིང་བཏགས་ཡོད། ཆབ་མདོའི་སྒོར་གཞས་དང་། འབྲི་རུའི་སྟེང་དཀར་རལ་པ། ལྷ་རྩེའི་སྟོད་གཞས། ལྷ་རྩེའི་སྒྲ་སྙན། དྭགས་པོའི་ཨར་གཞས་སོགས་ས་ཁུལ་ཁག་གི“མངོན་མིན་རིག་གནས་ཤུལ་བཞག་སློབ་གསེང་ལུས་རྩལ་ལ་ཁྱབ་གདལ་བཏང”ནས་བཀྲག་མདངས་འཚེར་ས་གསར་པར་གྱུར་པ་དང་། གླིང་སྒྲུང་སོགས་རྣམ་གྲངས་སློབ་གྲྭའི་ནང་ཁྱབ་གདལ་བཏང་སྟེ་རྒྱུན་འཛིན་ཡག་པོ་བྱེད་པའི་རྣམ་པ་རིམ་བཞིན་མངོན་ཡོད།
བོད་ཀྱིས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་དོན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་སྦྲགས། སྲོལ་རྒྱུན་རིག་གནས་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་པ་དང་། ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་བཟང་བ་མ་ཟད་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་ཞིག་ལ་རིམ་བཞིན་གྱུར་ཡོད།
2020ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རིམ་ཁག་རིག་གནས་ཐོན་ལས་དཔེ་སྟོན་གླིང(རྟེན་གཞི)234དང་། རིག་གནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་7500ལྷག་ཙམ། ལས་ཞུགས་མི་སྣ་ཁྲི་7ཙམ། ལས་རིགས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་60.95ཟིན་པ་དང་ལོར་ཆ་སྙོམས་འཕར་ཚད་15%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།