དབུ་ཤོག>ཆེད་སྒྲིག
  • སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གིས་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-22

    2015ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་འཛིན་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ནང་དོན་གཙོ་བོར་བརྩིས་ནས་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པས། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐེག་ནུས་ཆེ་རུ་ནུས་ལྡན་ཕྱིན་པ། རྒྱ་ཆེའི་མང་ཚོགས་ཀྱི་སྐྱེ་ཁམས་ཐད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།

    གཙོ་གནད་སྟངས་འཛིན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ཁོར་ཡུག་མཛེས་བཟོར་སྐུལ་འདེད་བཏང་བ།

    ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱས་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས》དང《“ཚན་པ་ཚང་མར་སྐྱེ་ཤིང་ཡོད་པ་བྱེད་དགོས་པ”དང་སྤུས་ཚད་མཐོ་རུ་དང་་སྔོ་ལྗང་མང་དུ་གཏོང་བའི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་སྔོ་འགྱུར་ཨུ་ལྷན་གྱི་ལག་བསྟར་ཇུས་གཞི》སོགས་ཀྱི་ཡིག་ཆ་དོན་འཁྱོལ་ནན་ཏན་བྱས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། “གྲོང་ཚོ་དང་། དུད་ཚང་། ཚན་པ་བཅས་ཚང་མར་སྐྱེ་ཤིང་ཡོད་པ”བྱས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ལྡུམ་རའི་གྲོང་ཁྱེར་འཛུགས་གཏོད། གྲོང་ཁུལ་སྔོ་འགྱུར་མཛེས་བཟོ་དང་དེ་བཞིན་སྤུས་ཚད་མཐོ་རུ་དང་སྔོ་ལྗང་མང་དུ་གཏོང་བ་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་ཡོད།

    2015ལོ་ཚུན་དུ། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ཁུལ་ཁོངས་སུ་ནགས་བཟོ་དང་། འགོག་སྲུང་ནགས་རའི་མ་ལག་འཛུགས་སྐྲུན། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར། ནགས་ཚལ་སྐྱོང་གསོ་སོགས་ནགས་ར་མུའུ་ཁྲི་175བསྐྲུན་པ་དང་། བྱེ་འགོག་བྱེ་བཅོས་མུའུ་ཁྲི་0.353བྱས་པ། ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་368དང་དུད་ཚང་ཁྲི་3.61ལ་སྐྱེ་ཤིང་ཡོད་པར་བྱས་པ། དེའི་ནང་ཞུགས་པའི་མི་གྲངས་ཁྲི་16.9ལྷག་ཙམ་ཟིན་པ་མ་ཟད། གྲོང་ཁྱེར་དུ་ནེའུ་གསེང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་82.8མང་དུ་ཕྱིན་ནས་གྲོང་ཁྱེར་ཆགས་སར་སྔོ་འགྱུར་ཁེབས་ཚད་དང་། ནེའུ་གསེང་ཁྱབ་ཚད། མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་ཁེབས་རྒྱ་ཁྱོན་བཅས་38.76%དང་། 37.07% སྨི་ངོས་གྲུ་9.1བཅས་སོ་སོར་ཟིན་ཡོད།

    བསམ་བློར་འགྱུར་ལྡོག་དང་འགན་འཁྲི་དོན་འཁྱོལ་བྱས་ཏེ་ལྟ་སྐུལ་ལྟ་འདོམས་ལ་དམ་འཛིན་ཡག་པོ་བྱས་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་གནང་ཡོད། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་འཁུར་མཁན་སྡེ་ཚན་ཏེ། ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལས་དོན་དེའི་ཐད་ཚད་མཐོའི་མཐོང་ཆེན་དང་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་དང་། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་གི་འདུ་འགོད། སྐྱེ་ཁམས་ཁ་གསབ་ཀྱི་ལས་གནས་སོགས་སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་སྤྲོད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དང་ནགས་ཚལ་ལྟ་ཞིབ་སོགས་ཀྱི་གནད་དོན་དག་ཐེར་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཡོད།

    ལོ་ལྔའི་རིང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དོན་ཆེན་6དང་དོན་ཆུང་12ཚང་མ་འཕེལ་རིམ་གྱི་བླང་བྱ་ལྟར་བསྒྲུབས་པ་དང་འབྲེལ། ཐོ་བསུབ་ཐོ་འགོད་བྱས་ཡོད། ནགས་ཚལ་ལྟ་བཤེར་གནད་དོན་ཁྲོད་2018ལོ་འཁོར་གྱི་གནད་དོན་99ཁྲོད་ནས་1མ་གཏོགས་ཚང་མ་ལེཌ་སྒྲུབ་ཟིན་པ་དང་། 2019ལོ་འཁོར་གྱི་བཅོས་སྒྲིག་བྱེད་དགོས་པ་ཁག་22ཁྲོད་ནས་5ལེགས་སྒྲུབ་བྱས་ཟིན་པ་དང་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ལ་དཔང་རྟགས་དཔྱད་ཡིག་གོང་ཞུ་བྱས་ནས་ཁག་19ཐོ་བསུབ་པ་དང་ཁག་3དག་ཐེར་བྱེད་བཞིན་ཡོད་པ་རེད།

    བསམ་ཕྱོགས་རྒྱ་བསྐྱེད་དང་དམངས་འཚོར་སྣང་ཆེན་བྱས་ཏེ་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་དམིགས་ཏེ་སྐྱེ་ཁམས་དབུལ་སྒྲོལ་གྱི་སྲིད་ཇུས་བླང་བྱ་ཁག་གཅིག་དོན་འཁྱོལ་ནན་ཏན་བྱས་ཏེ། གཙོ་གནད་ལས་གྲྭ་ཁག་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་རྒྱུན་མཐུད་སྐུལ་ཁྲིད་བྱས་ཡོད།

    དཔལ་འབྱོར་ནགས་ཚལ་འཛུགས་སྐྲུན་ཐད་2018ལོ་ནས་2019ལོ་བར་ནགས་ལས་དབུལ་སྐྱོར་ཐོན་ལས་ཀྱི་དཔལ་འབྱོར་ནགས་ཚལ་མུའུ་ཁྲི་3.49བསྐྲུན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་4222ཀྱི་མི་20069ལ་ཆ་སྙོམས་འབབ་འཕར་སྒོར་1080ཡོང་བར་སྐུལ་ཁྲིད་བྱས་ཡོད། སྡོང་ཕྲུག་ར་བ་འཛུགས་སྐྲུན་ཐད་2018ལོ་ནས་2020ལོ་བར་དབུལ་སྐྱོར་སྡོང་ཕྲུག་ར་བ་འཛུགས་སྐྲུན་མུའུ་1.307བྱས་ཏེ་ངལ་ནུས་ཕྱིར་གཏོང་དང་རྗེས་མཐུད་བདག་སྐྱོང་བྱས་པ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་2111ཀྱི་མི་5841ལ་ཆ་སྙོམས་འབབ་འཕར་སྒོར་1580ཡོང་བར་སྐུལ་ཁྲིད་བྱས་ཡོད།

    རྨོ་བསྐྱུར་ནགས་གསོའི་ལས་དོན་ཁྲོད་2015ལོ་ནས་2020ལོ་བར་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་མུའུ་ཁྲི་24.51ལེགས་སྒྲུབ་བྱས་པ་དེས་ལྗོངས་ཡོངས་ཀྱི་ལས་གྲྭའི་བསྡོམས་འབོར་གྱི་75.2%ཟིན་པ་དང་དེའི་རྒྱ་ཁྱོན་ལྗོངས་ཡོངས་ཀྱི་ཆེ་ཤོས་ཡིན་ལ་ཕན་པ་ཐོབ་མཁན་དུད་ཚང་ཁྲི་4.1དང་། མི་གྲངས་ཁྲི་26ལྷག་ཙམ་ཟིན་པ་དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་1000ལྷག་ཙམ་བྱུང་ཡོད། རྨོ་བསྐྱུར་རྩྭ་གསོའི་ལས་དོན་ཁྲོད་2017ལོ་དང་2019ལོར་ཁག་ཐེངས་གཉིས་ལ་བགོས་ནས་རྨོ་བསྐྱུར་རྩྭ་གསོ་མུའུ་ཁྲི་3.468བྱས་པ་དང་། ངལ་ནུས་འགྲོ་སོང་སྒོར་ཁྲི་2754.08བཏང་བ། ཕན་པ་ཐོབ་པའི་མང་ཚོགས་21675ཟིན་པ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་1270བྱུང་ཡོད། སྐྱས་སྤོས་རྩྭ་གསོའི་ལས་དོན་ཁྲོད་2016ལོ་ནས་2019ལོ་བར་སྐྱས་སྤོས་རྩྭ་གསོའི་ལས་གྲྭ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་2.88བཏང་ནས་རྩྭ་ར་བསྙལ་བ་དང་། མི་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་པ། རྩྭ་སོན་ལེགས་གཏོང་སོགས་ལ་སྤྱད་པ་དང་། ངལ་ནུས་འགྲོ་སོང་སྒོར་ཁྲི་4246.25སྤྲད་པ། དེ་ལས་ཕན་པ་ཐོབ་པའི་མང་ཚོགས་19289ཟིན་པ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་2200ལྷག་ཙམ་བྱུང་ཡོད།

    སྒྱུར་བཅོས་གཏིང་ཟབ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་ནགས་ཚལ་དང་རྩྭ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    དུས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་གཞིར་བཟུང་། ཆབ་མདོ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་བསམ་བློ་གསར་གཏོད་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱས་ནས། མཉམ་སྡེབ་ནགས་ཚལ་བདག་དབང་ལམ་ལུགས་སྒྱུར་བཅོས་དང་གཞུང་ཁོངས་ནགས་རའི་སྒྱུར་བཅོས་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    ན་ནིང་ལོ་མཇུག་བར། ཆབ་མདོ་གྲོང་ཁྱེར་གྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་382དང་ནགས་ཚལ་ཁྱབ་ཚད་34.78%ཟིན་པ་དང་། རྩྭ་ཐང་རྒྱ་ཁྱོན་སྤྱི་ཆིང་ཁྲི་571.46ཟིན་པ། གྲོང་ཁྱེར་ཡོངས་སུ་རང་སྐྱོང་ལྗོངས་རིམ་པ་དང་དེ་ཡན་གྱི་རང་བྱུང་སྲུང་སྐྱོང་ཁུལ་དང་རང་བྱུང་སྤྱི་གླིང་9ཟིན་ནས་སྤྱི་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་44.8203ཟིན་ཡོད། རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་སྤྲེའུ་སྤུ་སེར་དང་ཤྭ་བའི་གྲངས་ཚད་དེ་སྔའི་300ལྷག་ཙམ་དང་5000ལྷག་ཙམ་ནས་ད་ལྟའི་800ལྷག་ཙམ་དང་8000ལྷག་ཙམ་བར་མང་དུ་སོང་སྟེ་སྐྱེ་ཁམས་དང་མཛེས་སྡུག་ལྡན་པའི་ཆབ་མདོ་སྐྲུན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།