དབུ་ཤོག>ཆེད་སྒྲིག
  • ཏུའུ་ཧྥུའུ་གོ འབར་མདེལ་སེལ་བར་གདོང་མཆོང་བྱེད་ཕོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཁྲེང་ཧོན།   |     སྤེལ་དུས།  2021-07-20

    814676_yis_1626710400000_s.jpg

    འདི་ནི་2020ལོའི་ཟླ་1ཚེས་2ཉིན། “འབར་མདེལ་སེལ་མཁན་དཔའ་བོ་འཐབ་འཛིང་པ”ཏུའུ་ཧྥུའུ་གོ(གཡོན)དང་འཐབ་གྲོགས་སྐམ་དམག་དམག་ཁོངས་གསོ་རིག་སློབ་གྲྭ་ཆེ་མོའི་ལུས་རྩལ་ཐང་དུ་རྒྱུག་ཤར་གློད་བཞིན་པ། (དཔྱད་གཞིའི་པར་རིས) 

    ཏུའུ་ཧྥུའུ་གོ་ནི་1991ལོར་འཁྲུངས་ཤིང་། ཀུའེ་ཀྲོའུ་ཙུན་དབྱི་གྲོང་ཁྱེར་མའེ་ཐན་རྫོང་ནས་རེད། 2010ལོའི་ཟླ་12པར་དམག་དཔུང་ལ་ཞུགས་པ་དང་། 2016ལོའི་ཟླ་11པར་ཏང་ལ་ཞུགས། སྐམ་དམག་འབར་མདེལ་སེལ་བའི་རུ་ཆེན་ཞིག་གི་འཐབ་འཛིང་པ་རེད།

    “དམག་དཔུང་ལ་ཞུགས་ཕྱིན་དམག་སར་སྐྱོད་དགོས། རྒྱལ་ཁབ་ལ་དགོས་མཁོ་ཡོད་ཕྱིན་ང་ཚོ་མདུན་ལ་མཆོངས་དགོས”2015ལོར་མཐའ་མཚམས་བཅའ་སྲུང་བྱེད་བཞིན་པའི་ཏུའུ་ཧྥུའུ་གོས་གོང་རིམ་ནས་འབར་མདེལ་སེལ་བའི་རུ་ཆེན་འཛུགས་རྒྱུའི་སྐོར་ཤེས་རྗེས་འཕྲལ་མར་རང་འགུལ་ངང་རེ་འདུན་ཞུས་ནས་འབར་མདེལ་སེལ་བའི་འཐབ་སར་ཕྱིར་གཤོལ་མེད་པར་བསྐྱོད།

    འབར་མདེལ་སེལ་བའི་ལས་འགན་སྒྲུབ་རིང་གི་ལོ་3ནང་། ཏུའུ་ཧྥུའུ་གོ་རྟག་ཏུ་འབར་མདེལ་སྦ་སར་སྐྱོད་མཁན་དང་པོ་དང་། འབར་རྫས་འཇོག་མཁན་དང་པོ། སྦི་ཏི་འཐེན་མཁན་དང་པོ་བཅས་ཡིན་ཞིང་། འབར་མདེལ་སྦ་སར་ཐེངས་ཆིག་སྟོང་ལྷག་ཙམ་བསྐྱོད་པར་རིམ་རྩིས་བརྒྱབ་ན་ལས་ཀ་ཉིན་300ལྷག་ཙམ་བྱས་པ་དང་། འབར་མདེལ་སེལ་བའི་རྫས་མེ་ཏུན་15ལྷག་ཙམ་དབོར་བ། འབར་རྫས་སྣ་ཚོགས་2400ལྷག་ཙམ་མེད་པར་བཟོས་པ། ཉེན་ཁ་20ལྷག་ཙམ་སེལ་བ་བཅས་རེད།

    2018ལོའི་ཟླ་10ཚེས་11ཉིན། ཏུའུ་ཧྥུའུ་གོ་ཡིས་འབར་མདེལ་སེལ་བའི་རིང་ལག་འབོམ་གཞན་ལས་ལྕི་བ་ཞིག་རྙེད་པས། ཁོང་གིས་འཕྲལ་མར“རང་ཕྱིར་ཤིག་རྒྱོབ་དང་། ངས་བྱས་ཆོག”ཅེས་ཚོགས་ཆུང་གཅིག་པའི་འཐབ་གྲོགས་ཨའེ་ཡན་ཕྱིར་ཤིག་རྒྱག་ཏུ་བཅུག་ནས་རང་ཉིད་གཅིག་པུས་གནས་ཚུལ་བརྟག་དཔྱད་བྱེད་པར་བསྐྱོད། གློ་བུར་དུ། སྒྲ་ཆེན་པོ་ཞིག་གྲགས་པ་དང་བསྟུན་ནས་ལག་འབོམ་འབར་གས་བྱས་པ། ཏུའུ་ཧྥུའུ་གོ་ཡིས་འཕྲལ་མར་ཨའེ་ཡན་ཡོད་སར་བྱོལ་ནས་འབར་གས་ཀྱི་ཁྱོམ་ཤུགས་དང་མདེལ་ཧྲུག་བཀག ཨའེ་ཡན་ལ་རྨས་སྐྱོན་ཕོག་མེད་རུང་། རང་ཉིད་ཀྱི་ལག་ཟུང་དང་མིག་ཟུང་ཤོར། ཁོང་གིས“ངས་བསྒྲུབས་པ་ནི་དམག་མི་ཞིག་གིས་སྒྲུབ་དགོས་ངེས་ཀྱི་བྱ་བ་ཞིག་རེད། གལ་ཏེ་ངར་གོ་སྐབས་ཆིག་སྟོང་དང་ཁྲི་གཅིག་སྤྲད་ཀྱང་ངས་སྔར་བཞིན་ཐོག་མའི་བསམ་འདུན་བརྟན་སྲུང་གིས་གདམ་ག་དེ་རང་བྱེད་ཀྱི་ཡིན”ཞེས་བཤད་ཡོད།

    རྨས་སྐྱོན་ཕོག་རྗེས། ཏུའུ་ཧྥུའུ་གོ་ཡིས་སྔར་རྒྱུན་བཞིན་དམག་འཐབ་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅིང་། གོམ་བགྲོད་དང་རྒྱུག་ཤར་གློད་པ་དང་། གྱོན་ཆས་གྱོན་པ། ཟ་མ་ཟ་བ་སོགས་རྣམ་ཀུན་གྱི་འཚོ་བ་ནས་འགོ་བཙུགས་ཏེ་ཉིན་ལྟར་དྲག་སྐྱེད་སྦྱོང་བརྡར་ཧུར་ཐག་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཁོང་གིས་ཐོག་མཐའ་བར་གསུམ་དུ་བག་ཡངས་པོ་དང་ཡར་རྒྱས་བརྩོན་ལེན་གྱི་སེམས་ཤུགས་རྒྱུན་འཁྱོངས་བྱས་ཏེ་ལུས་རྩལ་སྦྱོང་བརྡར་དང་། ཡིག་གཟུགས་སྦྱོང་བ། ཤེས་བྱ་སློབ་སྦྱོང་སོགས་ཀྱི་ཁྲོད་མི་ཚེའི་དམིགས་འབེན་གསར་པ་རིམ་བཞིན་རྙེད་ཡོད།

    ཏུའུ་ཧྥུའུ་གོ་ལ་ཀྲུང་དབྱང་དམག་ཨུད་ཀྱིས“འབར་མདེལ་སེལ་མཁན་དཔའ་བོ་འཐབ་འཛིང་པའི”གཟི་བརྗིད་མཚན་སྙན་སྤྲད་པ་དང་། བྱས་རྗེས་རིམ་པ་དང་པོ་ཐེངས་གཅིག་བཀོད་པ། “དུས་རབས་ཀྱི་མིག་དཔེ”དང“རྒྱལ་ཡོངས་ཀྱི་རང་སྟོབས་དཔེ་བཟང”གི་མཚན་སྙན་ཐོབ་ཡོད། 2019ལོར། “འབད་འཐབ་པ་ཡག་ཤོས”ལ་བདམས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།