ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུའི་ཐོག་བརྗོད་པའི་ལྟ་བ་ཕྱོགས་བསྡུས། (སྨད་ཆ)
སློབ་སྦྱོང་གཏིང་ཟབ་བྱེད་རིང་ཐོག་མའི་བསམ་འདུན་དང་འགན་འཁྲིའི་ལོ་རྒྱུས་ཡུན་རིང་ཤེས་ཚོར་བྱས་ཏེ་དེ་བས་བློ་རྩ་བརྟན་པོས་མི་དམངས་གོང་དུ་བཀུར་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་ནང“རྒྱལ་སྲིད་ནི་མི་དམངས་ཡིན་ཞིང་། མི་དམངས་ནི་རྒྱལ་སྲིད་ཡིན། རྒྱལ་སྲིད་བླངས་པ་དང་རྒྱལ་སྲིད་སྲུང་བ་ནི་དོན་དུ་མི་དམངས་ཀྱི་བསམ་འདུན་སྲུང་རྒྱུ་དེ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་རྩ་བ་དང་། ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ཀྱི་ཁྲོད་དུ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་དང་། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས་བྱེད་ཀྱི་ཡོད”ཅེས་ནན་བཤད་གནང་ཡོད།
རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་གཞོན་པ་ཁྲེན་ཧྥན་གྱིས། རང་རེའི་ཏང་གིས་བོད་དུ་འབད་འཐབ་དང་། རང་སྲོག་བློས་གཏོང་། གསར་གཏོད་བཅས་བྱས་པ་དེ་དག་ཚང་མ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཆེད་དུ་བདེ་རྩ་བསྐྲུན་ཆེད་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་ལག་བསྟར་ཏན་ཏིག་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་ལས་ཀའི་བྱེད་ཐབས་སུ་བྱེད་པ། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། རྒན་གསོ། ལས་ཞུགས་སོགས་ཀྱི་ཐད་མུ་མཐུད་འབད་བརྩོན་ལྷོད་མེད་བཅས་བྱས་ནས་འཕེལ་རྒྱས་ཁྲོད་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མིའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་དཔྱོད་པུའི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ཧྲི་ཡུན་ཧྥུང་གིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་འགོ་ཚུགས་ཡོད།
2035ལོར་སླེབས་སྐབས་བོད་ཀྱི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་བཅས་གསར་པ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་རྒྱུ་དང་། སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་རྒྱུ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཕྱུག་འགྱུར་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུ་བཅས་རེད། བོད་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་འཕྲོ་བ་དང་བོད་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད།
སློབ་སྦྱོང་གཏིང་ཟབ་ཁྲོད་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་གསར་བརྗེའི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་ཤེས་ཚོར་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་དེ་བས་རང་རྟོགས་ངང་སྐུལ་འདེད་གཏོང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག”གསུང་བཤད་གལ་ཆེན་གནང་ནས“ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་མཐའ་འཁྱོངས་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་དོན་དངོས་ནས་འགོ་འཛུགས་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས། ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན། དཀའ་ཚེགས་ཆེན་པོས་འཚོལ་ཞིབ་བཅས་བྱས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་ཀྲུང་གོའི་མི་དམངས་ཀྱིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཟམ་མི་ཆད་པར་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱས་ཡོད”ཅེས་གསུངས་ཡོད།
བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཚའོ་ཧྲུའེ་ཆུན་གྱིས། མར་ཁེ་སི་རིང་ལུགས་དེ་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་ཡར་ལངས་བྱུང་བའི་གསང་བའི་ཨང་ཡིག་ཅིག་ཡིན། མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་གུང་ཁྲན་ཏང་མི་མི་རབས་དང་པོས་འཚོལ་ཞིབ་ཧུར་ཐག་གནང་བ་བརྒྱུད། མའོ་ཙེ་ཏུང་གི་དགོངས་པ་བཏོད་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རླབས་ཆེའི་རྒྱལ་ཁ་ཐོབ་སྟེ་མི་དམངས་རང་ཁྱིམ་རང་བདག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཏོད་ཡོད། མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཕྱུག་པོ་ཆགས་པའི་ཉམས་མྱོང་ལྡན་པའི་ཕྱོགས་སྡོམ་ཞིག་ཡིན། ཏེང་ཞའོ་ཕིང་གིས་འགལ་ཟླའི་ཡོངས་ཁྱབ་རང་བཞིན་དང་དམིགས་བསལ་རང་བཞིན་གྱི་རྩོད་སྒྲུབ་འབྲེལ་བའི་རྩ་དོན་སྤྱད་གནང་ནས། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཟུང་འབྲེལ་གནང་སྟེ “ཀྲུང་གོའི་རྣམ་པའི་དེང་རབས་ཅན”མངོན་འགྱུར་བྱ་རྒྱུ་བཏོན་གནང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཐོན་སྐྱེད་དམིགས་ཡུལ་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་དང་ཟུང་འབྲེལ་གྱིས། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་རྒྱུ་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་དགོས་པའི་ནན་བཤད་གནང་ཡོད། འགལ་ཟླའི་ཕྱི་ནང་རྒྱུ་རྐྱེན་གྱི་འབྲེལ་བའི་རྩ་བའི་རིགས་པ་སྤྱད་ནས་སྒྱུར་བཅོས་སྒོ་དབྱེ་དང་ཚན་རྩལ་སློབ་གསོ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་བརྩིས་ཡོད། འགལ་ཟླའི་གཅིག་གྱུར་རང་བཞིན་གྱི་རྩ་བའི་རིགས་པ་སྤྱད་ནས“སྤྱི་ཚོགས་རིང་ལུགས་ཀྱིས་ཀྱང་ཁྲོམ་རའི་དཔལ་འབྱོར་གཉེར་ཐུབ་པའི”གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་བཏོན་གནང་ཡོད། ཏང་གི་འགོ་ཁྲིད་མི་རབས་གསུམ་པ་དང་བཞི་པས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་དམ་ཟབ་གནང་སྟེ། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སྔ་རྗེས་སུ་བཏོན་གནང་ཡོད། ཡར་ལངས་པ་ནས་ཕྱུག་པོ་ཆགས་པའི་བར་གྱི་ལག་ལེན་ནས། མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་དོན་དངོས་ཟུང་འབྲེལ་བྱས་པའི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་འགྲོ་ལམ་དེ་ང་ཚོའི་གདམ་ག་ཡང་དག་ཅིག་ཡིན་པ་ར་སྤྲོད་བྱུང་ཡོད། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་ཐད་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་འབྲུ་32ཡོད་པའི་ཏང་དབུ་བརྙེས་པའི་རླབས་ཆེའི་དགོངས་པ་སྙིང་བསྡུས་གནང་ནས། མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་གནང་བའི་ངོས་འཛིན་བྱས་པ་རེད།
བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཨུ་ཡོན་དང་། མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅི། དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་བཀྲ་ཤིས་ཀྱིས། མར་ཁེ་སི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་མཛུབ་ཁྲིད་ཀྱི་དགོངས་པ་ཞིག་དང་རང་རེའི་ཏང་གི་བླ་སྲོག་དང་དར་ཆ་ཞིག་ཡིན། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། མར་ཁེ་སི་རིང་ལུགས་ལ་བརྟེན་ནས་དུས་རབས་ཀྱི་དྲི་བ་དང་མི་དམངས་ཀྱི་དྲི་བར་དུས་ཐོག་ཏུ་ལན་བརྒྱབ་ཚེ། གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཤུགས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ནས། ཀྲུང་གོའི་མི་དམངས་ཀྱིས་རླབས་ཆེའི་སྤྱི་ཚོགས་ཀྱི་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་མཛུབ་ཁྲིད་བྱེད་ཐུབ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་ལོ་རྒྱུས་ལས་ར་འཕྲོད་བྱུང་བའི་ངོས་འཛིན་བྱས་པ་རེད།
སློབ་སྦྱོང་གཏིང་ཟབ་ཁྲོད་ཀྲུང་གོའི་འགྲོ་ལམ་ལས་སླ་པོར་བྱུང་བ་ཞིག་མིན་པ་ཤེས་ཚོར་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་འབད་འཐབ་དེ་བས་ཆེ་བ་བྱེད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག”གི་གལ་ཆེའི་གསུང་བཤད་གནང་སྐབས། “ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དོན་གཉེར་བྱེད་པ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཏན་འཁེལ་བྱས་ཡོད། ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་སྤེལ་བའི་འཐབ་རྩོད་མཐའ་དག་དང་། བློས་གཏོང་མཐའ་དག གསར་གཏོད་མཐའ་དག་བཅས་མདོར་བསྡུས་ན་བརྗོད་དོན་གཙོ་བོ་གཅིག་ཡིན་པ་སྟེ། དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་རེད”ཅེས་གསུངས་ཡོད།
བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅི་དགེ་རྒན་ཆེ་མོ་བ་ལིའུ་ཆོན་ཀྲེང་གིས། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་བཙུགས་པ་ཞིག་ཡིན་པས། ངེས་པར་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་གཞིགས་ནས་རིམ་གྱིས་སྟོབས་ཆེར་གཏོང་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་དེ། རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་པའི་ངོས་འཛིན་བྱས་པ་རེད།
བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབྱང་ཀྲོའུ་ཤང་གིས། ཏང་དབུ་བརྙེས་པའི་རླབས་ཆེའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས། དུས་ད་ཆ་ཀྲུང་ཧྭའི་བུ་ཕྲུག་གི“མོས་སེམས་ལྔ”དང་། “འདུ་ཤེས་བཞི” “གདེང་ཚོད་བཞི”བཅས་དང་དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གྲུབ་ནས་རང་རྟོགས་ངང་ལག་ལེན་བསྟར་བ་མ་ཟད། ཀྲུང་གོ་མི་དམངས་ཀྱིས་རིམས་ནད་དང་ཕྱི་རྒྱལ་གྱི་བཙན་དབང་ལས་རྣམ་པར་རྒྱལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། ལོ་ངོ་བརྒྱ་ཡི་འབད་འཐབ་ལས་ཏང་འཛུགས་སྐྱོང་གི་སྙིང་སྟོབས་གྲུབ་པ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་ཀྱིས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པའི་ལོ་རྒྱུས་བརྒྱུད་རིམ་ལ་སྐུལ་འདེད་བཏང་ཡོད། དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དེ་བས་ཀྱང་དར་སྤེལ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་གཞོན་པ་ཁྲེན་ཧྥན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་ནི་ལོ་རྒྱུས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། དོན་དངོས་དང་མཐུན་པ། འབྱུང་འགྱུར་ལ་ཕྱོགས་པ་བཅས་ཡིན་པས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ཏང་གིས་མཚན་ཉིད་དང་སྤྱི་ཚོགས་ཚན་རིག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་ཤུགས་སྣོན་བརྒྱབ་སྟེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཏན་ཏིག་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོ་ངེས་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ལ་དམ་པོར་དམིགས་པ། ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་འཁུར་བ་བཅས་བྱས་ཏེ“ཇུས་འདོན་ཚོགས་པ”དང་། “བསམ་བློའི་མཛོད” “ཞབས་ཞུ་པུའུ”བཅས་ཀྱི་ནུས་པ་ཡག་པོ་འདོན་དགོས་པའི་ངོས་འཛིན་བྱས་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣