དབུ་ཤོག>ཆེད་སྒྲིག
  • རྒྱུགས་འབུལ་ལམ་བུ་གསར་པའི་ཐོག་བོད་ཀྱི་ལེའུ་གསར་པ་རྩོམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-19

    2021ལོའི་ཟླ་7ཚེས་12དང་13ཉིན། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་ཁུར་ཏེ། “ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་དང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་གཞུང་ལོ་ཚོགས་སྐབས་བདུན་པ་འཚོགས་ཤིང་། བཞེད་དོན་གཙོ་བོའི་གཏམ་བཤད་དང་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་སྐབས། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་སློབ་སྲོལ་ནན་པོ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཟབ་མོའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རླབས་ཆེན་གྲུབ་འབྲས་དང་དོན་སྙིང་གལ་ཆེན་ལ་བགྲོ་གླེང་གཏིང་ཟབ་བྱས་པ་དང་། ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པ། འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་འོད་སྟོང་འབར་བའི་གྲུབ་འབྲས་ལ་བསྟོད་གླུ་འབུལ་བ། ཏང་གིས་བོད་ལྗོངས་འཛུགས་སྐྲུན་དང་། བོད་ལྗོངས་འཕེལ་རྒྱས་གཏོང་བ། བོད་ལྗོངས་ཇུས་འགོད་གཉེར་སྐྱོང་བཅས་ཀྱི་འབད་འཐབ་ལོ་རྒྱུས་ལམ་བུའི་ཁྲོད་ནས་བོད་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བདེ་བླག་ངང་ལག་ལེན་ཡག་པོ་ཐུབ་པ་མྱོང་ཚོར་སྤེལ་རེས་བྱས་ཏེ། དུས་རབས་གསར་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པའི་འགན་སེམས་དང་བྱས་རྗེས་ནུས་ལྡན་མངོན་པར་བྱས་ཡོད།

    སློབ་སྦྱོང་གཏིང་ཟབ་བྱེད་རིང་ཏང་འཛུགས་སྐྱོང་གི་རླབས་ཆེན་སྙིང་སྟོབས་བླ་ན་མེད་པ་དང་རླབས་ཆེ་བ་ཡིན་པ་ཤེས་རྟོགས་བྱས་ཏེ་གསར་བརྗེའི་ཁྲག་རྒྱུན་སྔར་བས་རྒྱུན་འཛིན་བྱེད་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག”གསུང་བཤད་གལ་ཆེན་གནང་སྐབས“ལོ་ངོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་འཛུགས་སྐྱོང་གི་རླབས་ཆེན་སྙིང་སྟོབས་དར་སྤེལ་བཏང་ནས་ཡུན་རིང་འབད་འཐབ་བྱེད་རིང་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མ་ལག་བཏོད་པ་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་ཞུན་བརྡར་ཐུབ་པ་བྱས་ཡོད། 

    ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། ང་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུན་གྱི་རྒྱུན་མཐུད་དེ། ནམ་ཡང་ཏང་འཛུགས་སྐྱོང་གི་རླབས་ཆེན་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས”ཞེས་གསུངས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཧྥང་ཡུས་གོ་ཡིས། ང་ཚོས་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་ལངས་ནས་འཕེལ་རྒྱས་ཀྱི་དུས་བབ་གསར་པའི་མདུན་དུ་ངེས་པར་དུ་ཏང་འཛུགས་སྐྱོང་གི་རླབས་ཆེན་སྙིང་སྟོབས་དར་སྤེལ་བཏང་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ངོས་འཛིན་བྱས་པ་སྟེ། གཅིག་ནས་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་ཤིང་། ཏང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་ན་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་དེ་བས་ཤུགས་སྣོན་བརྒྱབ་སྟེ། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་དགོས་ངེས་རང་བཞིན་དང་ལྡོག་མེད་རང་བཞིན། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་རིག་པ་དང་། ལོ་རྒྱུས་ཀྱི་གཏན་ཚིགས་རིག་པ། ལག་ལེན་གྱི་གཏན་ཚིགས་རིག་པ་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས། ཞིབ་འཇུག་གཏིང་ཟབ་བྱེད་རིང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས། གཉིས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་རྟོགས་ངང་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་དགོས་ཤིང་། ལེགས་གྲུབ་འབྱུང་ཉེར་དཀའ་ངལ་ལྷག་པར་ཆེ་བ་ལྟར“ལོ་བརྒྱ་གཉིས་པའི”འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འདྲེས་མཚམས་སུ་ལངས་སྐབས་དཀའ་སྤྱད་འབད་འཐབ་དང་རྒྱལ་ཁ་ལེན་ཕོད་པའི་སྙིང་སྟོབས་བཅངས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བའི་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དང་གཅིག་གྱུར་ཡོང་བ་བྱེད་དགོས། གསུམ་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་དགོས་ཤིང་། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་རྒྱལ་སྤྱིའི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བའི་མདུན་དུ་ང་ཚོས་ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་གསར་བརྗེའི་བློ་སྟོབས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་གཞོན་པ་ཁྲེན་ཧྥན་གྱིས། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱའི་རིང་རང་རེའི་ཏང་གིས་བོད་ཀྱི་ལོ་རྒྱུས་ལ་རྦད་དེ་འགྱུར་ལྡོག་བཏང་བ་དང་མི་དམངས་ཀྱི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བཏང་ཡོད། ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་དང་མཆོང་སྐྱོད་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་འདི་ལྟ་བུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་གཞི་ནས་མངོན་འགྱུར་བྱེད་ཐུབ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ང་ཚོས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཏང་འཛུགས་སྐྱོང་གི་རླབས་ཆེན་སྙིང་སྟོབས་དར་སྤེལ་ཤུགས་ཆེན། ཏང་དང་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཡུན་རིང་པོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེན་ལག་ལེན་ཁྲོད་གསར་གཏོད་བྱས་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”སོགས་ཀྱི་སྙིང་སྟོབས་རབ་དང་རིམ་པ་དར་སྤེལ་ཤུགས་ཆེན། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་ཆེད་མུ་མཐུད་འབད་འཐབ་ཧུར་ཐག་བཅས་བྱས་ཏེ། ཏང་དང་མི་དམངས་ལ་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཨུ་ཡོན་དང་། མར་ཁེ་སི་རིང་ལུགས་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི། དགེ་རྒན་ཆེ་མོ་བ་བཀྲ་ཤིས་ཀྱིས། མི་རིགས་ཤིག་དང་སྲིད་ཏང་ཞིག་གིས་བདེན་དོན་ཁོང་དུ་ཆུད་པ་དང་། བདེན་དོན་མཐའ་འཁྱོངས། ཕུགས་བསམ་བརྟན་སྲུང་། ཕུགས་བསམ་ལག་ལེན་བཅས་བྱས་ཚེ་གཞི་ནས་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེར་འགྲོ་ཐུབ། བདེན་དོན་མཐའ་འཁྱོངས་དང་ཕུགས་བསམ་བརྟན་སྲུང་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་དགོངས་པའི་བླ་སྲོག་དང་། ཐོག་མའི་བསམ་འདུན་འཆང་བ་དང་འགན་འཁྲི་འཁུར་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རང་གཤིས་མངོན་ཚུལ། རང་སྲོག་བློས་གཏོང་ལ་མི་སྐྲག་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་འཐབ་རྩོད་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་གཤིས་རྒྱུད་བཟང་པོ། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་ངོ་མི་གནོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བླ་ན་མེད་པའི་བརྩེ་སེམས་བཅས་ཡིན་པའི་ངོས་འཛིན་བྱས་པ་རེད།

    རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཞིབ་འཇུག་པ་ཚེ་རིང་ཕུན་ཚོགས་ཀྱིས། དུས་རབས་གསར་པར་བདེན་དོན་མཐའ་འཁྱོངས་དང་ཕུགས་བསམ་བརྟན་སྲུང་བྱས་ཚེ་ང་ཚོར་སྔར་ཡོད་ཀྱི་གྲུབ་འབྲས་རྒྱུན་འཁྱོངས་ཐུབ་ནས་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ཐུབ། བདེན་དོན་འདི་ནི་མར་ཁེ་སིའི་རིང་ལུགས་ཀྱི་ཡོངས་ཁྱབ་བདེན་དོན་ཡིན་པ་དང་། ཕུགས་བསམ་འདི་ནི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་ང་ཚོས་གསར་བརྗེའི་ཕུགས་བསམ་ནམ་མཁའ་ལས་ཀྱང་ཆེ་བ་མཐའ་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཡོངས་ཁྱབ་བདེན་དོན་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། མང་ཚོགས་ཅན་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། དུས་རབས་གསར་པར་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་དང་འགན་འཁྲི་འཁུར་ཚེ་ང་ཚོས་གཞི་ནས་འབད་འཐབ་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་ཐུབ། རང་རེའི་ཏང་ནི་མི་དམངས་ལས་བྱུང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་ཞིག་རེད། དེར་བརྟེན་ང་ཚོས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་ལ་སེམས་ཁུར་དང་མང་ཚོགས་ཀྱི་དགོས་མཁོར་བསམ་བློ་བཏང་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    སློབ་སྦྱོང་གཏིང་ཟབ་བྱེད་རིང་ཚན་རིག་དང་མཐུན་པའི་ལག་ལེན་གྱི་རླབས་ཆེའི་སྟོབས་ཤུགས་ཤེས་རྟོགས་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་ཤུགས་སྔར་བས་ཆེ་རུ་གཏོང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་ནང་། “རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ང་ཚོས་ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། ‘མཚོན་བྱེད་གསུམ’གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས”ཞེས་ནན་བཤད་གནང་ཡོད།

    རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་གཞོན་པ་ཁྲེན་ཧྥན་གྱིས། སྤྱི་ཚོགས་ཚན་རིག་ལས་དོན་པས་འགྲོ་ནུས་སྦྱོང་བརྡར་བྱས་ནས་མེས་རྒྱལ་གྱི་ས་གཞི་ཆེན་པོའི་ཐོག་དཔྱད་རྩོམ་འབྲི་དགོས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་མི་དམངས་ཀྱི་ཆེད་དུ་རྒྱུན་ཆད་མེད་པར་འབད་འཐབ་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་རྒྱུན་ཆད་མེད་པར་ལེགས་སྐྱེས་འབུལ་བ། མི་དམངས་ཀྱི་ཆེད་དུ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་ལོ་རྒྱུས་ཤིག་རེད། ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་ང་ཚོས་དཔེ་ཁང་ནས་ཐོན་ཏེ་ཉར་ཚགས་ཁང་དུ་འཚོལ་ཞིབ་བྱེད་པ་དང་། དོགས་འདྲི་འཆང་བཞིན་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་ཞིང་ནང་བརྟག་དཔྱད་ཁྲོད་ལན་འཚོལ་དགོས། ལོ་རྒྱུས་ཀྱི་དཔྱད་ཡིག་ལ་གསོན་ཉམས་ལྡན་ཚེ་བརྩམས་བྱར་གཞི་ནས་དོན་སྙིང་ལྡན་པ་དང་། སྒྲུང་ཐུང་ལ་བརྟེན་ནས་གནས་ལུགས་ཆེན་པོ་བརྗོད་པ། ལོ་རྒྱུས་དང་དོན་དངོས་ཀྱི་བར་ཐག་ཇེ་ཉེར་གཏོང་བ་བཅས་བྱས་ཚེ་གཞི་ནས་ཞིབ་འཇུག་གྲུབ་འབྲས་ཀྱི་ཡིད་དབང་འགུག་ཤུགས་དང་། ཡིད་དབང་འཕྲོག་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་གཏོང་ཐུབ་པའི་ངོས་འཛིན་བྱས་པ་རེད།

    རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་གཞོན་པ་དབྱིན་ཧའེ་ཡན་གྱིས། མར་ཁེ་སི་རིང་ལུགས་ཀྱི་དད་མོས་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་དགོས། ང་ཚོ་གུང་ཁྲན་ཏང་མིས་དད་མོས་བྱེད་ས་ནི་མར་ཁེ་སི་རིང་ལུགས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ལོ་ངོ་བརྒྱའི་ཏང་ཆེན་པོར་འཚར་ལོངས་ཡོང་བར་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་དང་སྐད་ཅིག་ཙམ་ཡང་ཁ་འབྲལ་ཐབས་མེད། ད་ཆ་ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་དད་མོས་མཐའ་འཁྱོངས་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་རྒྱུ་དེ་འཇོན་ཐང་ཆེ་ཤོས་སུ་བརྩི་བ་དང་། ལྷག་བསམ་རྣམ་དག་གི་དད་སེམས་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་ཁྲོད་དུས་རབས་21པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།