དབུ་ཤོག>ཆེད་སྒྲིག
  • ཁེ་གསུམ་སྡེ་ཁུལ་གྱི་ཉམས་དོད་པའི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-18

    ཉེ་བའི་ལོ་ཤས་རིང་། ཁེ་གསུམ་སྡེ་ཁུལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་རམ་འདེགས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ་དང་། མང་ཚོགས་ཀྱི་སེམས་པ་གཅིག་སྒྲིལ་དང་མང་ཚོགས་ལ་ཁྲིད་སྟོན་བྱ་རྒྱུར་དམིགས་པ། མི་དམངས་ཀྱི་ཀུན་སྤྱོད་ཀྱི་ཆུ་ཚད་དང་ཤེས་དཔལ་གྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོའི་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་བ་བཅས་བྱས་ནས་ཁྱད་ལྡན་གྲོང་གསེབ་ཀྱི་ཤེས་དཔལ་འཛུགས་སྐྱོང་གི་ལམ་བུ་འཚོལ་ཞིབ་བྱས་པ་རེད།

    “རང་ཉིད་དང་འབྲེལ་བ་མེད་པ”ནས“སྔོན་ཐོན་བརྩོན་ལེན་བྱེད་པའི”བར།

    སྤེན་པ་ཚེ་རིང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཁེ་གསུམ་བ་ཞིག་རེད། “དེ་སྔ་གྲོང་མིས་སྡེ་ཁུལ་གྱི་ལས་དོན་ལ་དོ་ཁུར་མི་བྱེད་པ་དང་། གོང་བུ་འགྲིལ་ཤུགས་མི་འདང་བ། ཆང་རག་བཏུངས་ནས་སྐྱུར་འགོང་ཤོད་པ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་གྱི་ཡོད”ཅེས་སྤེན་པ་ཚེ་རིང་གིས་བཤད།

    གོང་བུ་གཅིག་ཏུ་འགྲིལ་མ་ཐུབ་ན་འཕེལ་རྒྱས་ཀྱི་སྟོབས་ཤུགས་མེད་པས་ཇི་ལྟར་བྱེད་དགོས་པའི་ཐད་ཁེ་གསུམ་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ནས་འགོ་བཙུགས་ཏེ་བཅོས་སྒྲིག་ཆེན་པོ་བྱས་པ་དང་ཤེས་དཔལ་གྱི་སྐར་གསོག་གཱ་ཡི་ལམ་ལུགས་ཁྱབ་གདལ་བཏང་ནས་གྲོང་མིར་སྒྲིག་བཀུར་ཁྲིམས་སྲུང་དང་། གྲོང་ཚོའི་རྣམ་པ་ལེགས་གཏོང་། ཁྱིམ་ཚང་འཆམ་མཐུན། སྡེ་ཁུལ་གྱི་ཞབས་ཞུ་སོགས་ཐད་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་པ་རེད། ཕུལ་བྱུང་ལ་སྐར་མ་10སྣོན་པ་དང་། ཚད་ལོན་པར་སྐར་མ་5སྣོན་པ། ཚད་མ་ལོན་པར་སྐར་མ་5འཐེན་པ་བཅས་བྱས་ཡོད། “ལས་དོན་དེ་སྤེལ་བའི་དམིགས་ཡུལ་ནི་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད་བཅས་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་ཆེད་རེད”ཅེས་ཁེ་གསུམ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་རུ་དཔོན་རྣམ་རྒྱལ་སྒྲོལ་དཀར་གྱིས་བཤད་པ་དང་ཁོང་གིས“གཟེངས་བསྟོད་བྱ་དགའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་གྲོང་མིའི་སྤོབས་སེམས་དང་མཚན་སྙན་བརྩོན་སེམས་ཆེ་རུ་ཕྱིན་པ་དང་གྲོང་མིའི་བདག་པོའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད”ཅེས་བཤད།

    ད་ཆ་ཁེ་གསུམ་སྡེ་ཁུལ་དུ་ཆང་རག་བཏུངས་ནས་སྐྱུར་འགོང་ཤོད་མཁན་མེད་པ་མ་ཟད། ཚུལ་མིན་གྱི་སྣང་ཚུལ་མཐོང་ཚེ་གྲོང་མིས་དུས་ཐོག་ཏུ་བཀག་འགོག་བྱེད་ཀྱི་ཡོད། ཕྱིར་ལས་མི་བྱེད་པར་སྐྱོད་མཁན་གྲོང་མི་ཚོས་ལས་ཀ་བྱེད་རིང་འཕེལ་རྒྱས་གཏོང་རྒྱུར་ཕན་པ་ཡོད་པའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་ཁག་གཅིག་མཐོང་ཐོས་བྱུང་བ་རྣམས་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ལ་དུས་ཐོག་ཏུ་སྙན་སེང་ཞུས་ནས་སྡེ་ཁུལ་འཕེལ་རྒྱས་ཆེད་ཐབས་འདོན་ཇུས་འགོད་བྱེད་ཀྱི་ཡོད། 

    “ཡོང་འབབ་གསོག་དཀའ་བ”ནས“ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་ཕྱིན་པའི”བར།

    ལས་ལ་བརྩོན་པའི་ལག་གཉིས་དང་དཀའ་སྤྱད་སྙིང་རུས་ལ་བརྟེན་པས་ལོ་70ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ལྷ་ཕྲུག་ཁེ་གསུམ་སྡེ་ཁུལ་གྱི་རླངས་འཁོར་ཉོ་མཁན་ཨང་དང་པོར་གྱུར་ཞིང་། ཁོང་གིས“འབབ་འཕར་ཕྱུག་འགྱུར་ཡོང་བ་ནི་ས་ཞིང་འདེབས་པ་ཁོ་ནར་བརྟེན་ན་མི་འགྲིག་པར་ངེས་པར་དུ་ཚོང་སྣ་ཚོགས་རྒྱག་དགོས”ཞེས་བཤད།

    1986ལོར་བགྲེས་སོང་ལྷག་གྲུབ་ཀྱིས་དངུལ་བུན་གཡར་ནས་ལྕགས་གཞོང་རླངས་འཁོར་ཞིག་ཉོས་ཏེ་སྐྱེལ་འདྲེན་ལས་ལ་གཞོལ། ད་ཆ་ལྷག་གྲུབ་ཁྱིམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    མིག་སྔར་སྡེ་ཁུལ་གྱི་དུད་ཚང་29ཡི་གྲོང་མི་ཚོས་སྐྱེལ་འདྲེན་ལས་ལ་གཞོལ་ནས་རླངས་འཁོར་ཆེ་ཆུང་31ཡོད་པ་དང་སྐྱེལ་འདྲེན་ལས་རིགས་ཀྱི་ལོའི་ཡོང་འབབ་སྒོར་ཁྲི་618ཟིན་པ་མ་ཟད། ད་དུང་གྲོང་མི་ཚོས་ཚོང་ཁང་དང་། ཇ་ཁང་། ཞིང་ཁྱིམ་སྤྲོ་སྐྱིད་ཁང་སོགས་བཙུགས་ཡོད་པ་རེད། གྲོང་མིར་སེམས་ཤུགས་ལྡན་ལ་སྡེ་ཁུལ་གྱི་བསམ་ཕྱོགས་ཀྱང་ཡངས་སུ་ཕྱིན་ཡོད། སྡེ་ཁུལ“ཨུ་ལྷན་གཉིས”ཚན་ཁག་གིས་རྟག་ཏུ“ཁེ་གསུམ་གྱི་ཐོན་ལས་འཕེལ་རྒྱས”སྐོར་གྱི་གྲོས་བསྡུར་ཚོགས་འདུ་འཚོགས་ནས་མང་ཚོགས་ལ་ཕིང་བཟོ་གྲྭ་རྒྱ་སྐྱེད་དང་། སྔོ་ཚལ་འདེབས་འཛུགས་དྲོད་ཁང་རྒྱག་པ། བྱ་གསོ་ར་བ་གསར་སྐྲུན། སྔོ་རྩྭ་ལས་སྣོན་སོགས་བྱེད་རོགས་བྱས་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་སྣ་མང་གཉེར་སྐྱོང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བའི་རྨང་གཞིའི་ཐོག་སྡེ་ཁུལ་དུ་རིམ་རྩིས་བྱས་ན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་10བཙུགས་ཡོད་པ་རེད།

    2020ལོར་ཁེ་གསུམ་སྡེ་ཁུལ་དུ་ལོར་མི་རེར་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་2.4ལྷག་ཙམ་ཟིན་པ་དེ་1978ལོའི་ལྡབ་111ཙམ་ཡིན་པ་དང་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་35ཟིན་ཡོད་པ་རེད། དེའི་ནང་ཁེ་གསུམ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཏང་ཡོན་དཔུང་ཁག་ཁྲོད་ཕྱུག་འགྱུར་འཇོན་ཐང་ཅན་52ཡོད་པ་དེས་ཏང་ཡོན་བསྡོམས་འབོར་གྱི་30.9%ཟིན་ཡོད། ད་ཆ་གྲོང་མི་ཚོའི་ཡོང་འབབ་མང་དུ་དང་སྐྱིད་སྣང་དོད་དུ་ཕྱིན་ཡོད།

    “ཡོང་འབབ་མང་དུ་ཕྱིན་པ”ནས“བསམ་བློའི་གོ་རྟོགས་སད་པའི”བར།

    ཁེ་གསུམ་སྡེ་ཁུལ་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཡིན་པ་དང་ཐུན་མོང་མ་ཡིན་པའི་གསར་བརྗེའི་ཐོན་ཁུངས་ནི་ཁེ་གསུམ་བས་གཙིགས་མཐོང་ཆེ་ཤོས་བྱེད་པའི་ཐོན་ཁུངས་ཤིག་རེད། ཁེ་གསུམ་སྡེ་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཨུད་དྲིལ་བསྒྲགས་པུས་རྒྱལ་གཅེས་རིང་ལུགས་ཀྱི་གསར་བརྗེའི་ཞིབ་སྦྱོང་རྟེན་གཞི་བཙུགས་པ་རེད། གསར་བརྗེའི་ཞིབ་སྦྱོང་རྟེན་གཞིའི་ནང་གཙོ་བོ“ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་གསར་བརྗེའི་ས་བོན་རྒྱུན་འཛིན”དང་། “བརྗོད་དོན་གཙོ་བོའི་བཤམས་སྟོན་ཁང་ཆེན་པོ་གསུམ་ལ་ལྟ་སྐོར་བྱས་ནས་ཐོག་མའི་བསམ་འདུན་རྟོགས་པ” “སྐད་གྲགས་ཆེ་བའི་གཏམ་བརྗོད་ཟློས་གར《ཞིང་བྲན་གྱི་མིག་ཆུ》”“དམག་ཆས་གྱོན་ནས་ཐོག་མའི་བསམ་འདུན་དྲན་པར་བྱེད”སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད།

    “དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་ཁེ་གསུམ་བར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཁྱིམ་རང་བདག་བྱུང་ཡོད” ཅེས་འདི་ལོ་ལོ་73ལ་སླེབས་པའི་སྡེ་ཁུལ་གྱི་གྲོང་མི་བགྲེས་སོང་པ་སངས་ཀྱིས་དེ་ལྟར་བརྗོད་པ་དང་ཁོང་གིས“ལོ་70ཡི་རྗེས་ཀྱི་དེ་རིང་ཁེ་གསུམ་བ་རྣམས་ཕྱུག་པོ་ཆགས་ཡོད་མོད། འོན་ཀྱང་ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ཡོད། ད་ཆ་རྒྱལ་གཅེས་རིང་ལུགས་ཀྱི་གསར་བརྗེའི་ཞིབ་སྦྱོང་རྟེན་གཞི་བཙུགས་ཡོད་པས་ང་ཚོས་སྔ་ཕྱི་བར་གསུམ་དུ་ཕན་པ་གང་ནས་བྱུང་བ་དང་སུ་ལ་ཕན་པ་ཐོབ་པ་བརྗེད་མི་སྲིད”ཅེས་བཤད།

    རྟེན་གཞི་འཛུགས་པའི་ཐོག་མའི་ཀུན་སློང་ནི་སྡེ་ཁུལ་གྱི་གྲོང་མིར་གསར་བརྗེའི་སློབ་གསོ་བརྒྱབ་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གྲོང་མིའི་ཆོད་སེམས་དང་ཡིད་ཆེས་བརྟན་དུ་གཏོང་རྒྱུ་དེ་རེད། ད་ཆ་རྒྱལ་གཅེས་རིང་ལུགས་ཀྱི་གསར་བརྗེའི་ཞིབ་སྦྱོང་རྟེན་གཞི་དེ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ནས་ལྟ་སྐོར་དུ་ཡོང་མཁན་ཤིན་ཏུ་མང་བའི་གནས་ཤིག་ལ་གྱུར་ཡོད། ལོ་ལྟར་ཁེ་གསུམ་སྡེ་ཁུལ་གྱིས་ལྟ་སྐོར་དང་སློབ་སྦྱོང་བྱེད་མཁན་ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་3ཙམ་ལ་སྣེ་ལེན་ཞུ་གི་ཡོད། ལྟ་སྐོར་བྱེད་མང་བའི་དུས་སུ་ཉིན་གཅིག་ལ་ལྟ་སྐོར་ཚོགས་པ་15ཡོད་པ་དང་ལྟ་སྐོར་བ་ཡང་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད།

    ཉེ་བའི་ལོ་ཤས་རིང་། ཁེ་གསུམ་སྡེ་ཁུལ་གྱི་གྲོང་མིར་དེ་སྔའི“སྒུག་བརྟེན་སློང་གསུམ”ནས“སྔོན་ཐོན་བརྩོན་ལེན”དང་། “འབྱོར་འབྲིང་ཕྱོགས་སུ་སྐྱོད་པ” “བསམ་བློའི་གོ་རྟོགས་སད་པ”བཅས་དབར་གྱི་འགྱུར་ལྡོག་བྱུང་ཡོད། ཁེ་གསུམ་སྡེ་ཁུལ་གྱི་ཉམས་དོད་པའི་འཕོ་འགྱུར་ནི་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་པའི་བསྡུས་རིས་ཙམ་ཡིན་པ་དང་དེས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཀྱི་མཚར་སྡུག་བཀྲ་བའི་ལེའུ་ཞིག་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།