ལོ་14ཡི་རིང་དྭ་ཕྲུག་27གསོ་ཉར་བྱས་པ་དང་།
ལོ་9ཡི་རིང་རིམ་རྩིས་བྱས་ན་དང་བླངས་ཞབས་ཞུར་ཞུགས་པའི་དུས་ཚོད་ཆུ་ཚོད་ཁྲི་1ལྷག་ཙམ་ཟིན་པ།
ལོ་8ཀྱི་རིང་ཨེ་ཙིའི་ནད་སྔོན་འགོག་གི་སྒྲོག་འགྲེལ་བྱེད་སྒོ་ཐེངས་3000ལྷག་ཙམ་སྤེལ་བ།
ལོ་6གི་རིང་རིམ་རྩིས་བྱས་ན་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱེད་སྒོ་ཐེངས་300ལྷག་ཙམ་སྤེལ་བ།
2017ལོར་སྐབས་དྲུག་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་ཐོབ་པ།
2020ལོར་དབང་པོ་ཞལ་འདེབས་འབུལ་རྒྱུར་ཐོ་འགོད་བྱས་ནས“ཞལ་འདེབས་གསུམ”གྱི་དང་བླངས་པར་གྱུར་པ།
ཉེ་དུས། 2020ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི“100རེ་བཞིའི”སྔོན་ཐོན་དཔེ་མཚོན་དུ་སླར་ཡང་བདམས་པ་བརྒྱུད་རྒྱལ་ཡོངས་ཀྱི“དང་བླངས་པ་ཡག་ཤོས”སུ་གྱུར་ཡོད།
ཁོང་ནི་གཞིས་རྩེ་གྲོང་ཁྱེར་ནོར་འཕེལ་ལེགས་སློབ་ཁང་གི་ཡོན་ཀྲང་ཉི་མ་ཚེ་རིང་རེད།
2006ལོར་ཉི་མ་ཚེ་རིང་གིས་གཞིས་རྩེ་གྲོང་ཁྱེར་དུ་ཇ་ཁང་ཞིག་བཙུགས་པ་དང་ཚོང་ཡག་པོ་བྱུང་ནས་ཡོང་འབབ་ཀྱང་བརྟན་པོ་ཡོད་པས། ཁོང་གིས་སླད་ཕྱིན་དགེ་སྒྲུབ་བྱ་གཞག་བསྒྲུབ་རྒྱུར་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་བཏིང་ཡོད།
2007ལོར་ཉི་མ་ཚེ་རིང་བསམ་གྲུབ་རྩེ་ཆུས་ཉ་མོ་ཤང་དུ་སྤུན་མཆེད་ཐུག་འཕྲད་བྱེད་པར་ཡོང་བ་དང་། སྤུན་མཆེད་དང་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་གྲོང་ཚོའི་ལོ་70ལ་སླེབས་པའི་རྒན་མོ་མཚམས་གཅོད་ཀྱི་ཁྱིམ་ཚང་གི་ཆ་རྐྱེན་སྐྱོ་ཡང་ཁོང་གཅིག་པུས་དྭ་ཕྲུག་4གསོ་ཉར་བྱས་པ་ཤེས་སྐབས་ཉི་མ་ཚེ་རིང་ལ་སེམས་འགུལ་ཆེན་པོ་ཐེབས། དེ་ནས་བཟུང་ཉི་མ་ཚེ་རིང་གིས་དྭ་ཕྲུག་ལ་གཅེས་སྐྱོང་དང་རོགས་རམ་བྱ་རྒྱུའི་སེམས་ཐག་བཅད། དེ་རྗེས་ཁོང་གིས་བྱིས་པའི་ཕན་བདེའི་བྱ་གཞག་སྒྲུབ་པའི་ལམ་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་བློ་རྩ་བརྟན་དུ་སོང་ཡོད།
2007ལོ་ནས་བཟུང་། ཉི་མ་ཚེ་རིང་གིས་སྦག་སྦག་བཏང་ནས་གཞིས་རྩེ་གྲོང་ཁྱེར་གྱི་ལུང་ཁུག་མང་པོར་རོགས་རམ་མཁོ་བའི་དྭ་ཕྲུག་འཚོལ་བར་ཕྱིན་ནས་དྭ་ཕྲུག་13སྔ་རྗེས་སུ་གསོ་ཉར་བྱས་ཡོད། 2008ལོར་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱི་བྱམས་བརྩེའི་ཐུགས་ཁུར་འོག ཉི་མ་ཚེ་རིང་གིས་གཞིས་རྩེ་གྲོང་ཁྱེར་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་བཙུགས་པ་རེད།
གཞིས་རྩེ་གྲོང་ཁྱེར་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་བཙུགས་རྗེས། ཉི་མ་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་ཏན་ཏན་ཏིག་ཏིག་ངང་དགེ་སྒྲུབ་བྱ་གཞག་གཏོད་པའི་ཐོག་མའི་བསམ་འདུན་མ་བརྗེད་པར། ཕན་བདེ་ཁང་གི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། དྭ་ཕྲུག་སྐྱོབ་རོགས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ས་གནས་མི་འདྲ་བ་ནས་ཡིན་པའི་དྭ་ཕྲུག་27སྔ་རྗེས་སུ་གསོ་ཉར་བྱས་ཡོད།
“ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ”ཅེས་པ་ནི་ཉི་མ་ཚེ་རིང་གིས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་རེད། ཉི་མ་ཚེ་རིང་གིས་ཕྲུ་གུ་ཚོའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོར་གཙིགས་ཆེན་བྱེད་ཅིང་། རྒྱུན་དུ“ཕ་མ”ཞིག་བྱེད་ལ“དགེ་རྒན”ཞིག་ཀྱང་བྱས་ཏེ། ཕྲུ་གུ་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་འབྱུང་འགྱུར་མེས་རྒྱལ་དང་སྤྱི་ཚོགས་ཀྱི་དྲིན་ལན་འཇལ་དགོས་པ་ཕུད། ད་དུང་ཐོག་མཐའ་བར་གསུམ་དུ་སེམས་པ་བཟང་པོ་བྱ་རྒྱུ་དང་མི་གཞན་ལ་སེམས་ཁུར་དང་བྱམས་སྐྱོང་བྱ་རྒྱུའི་སློབ་སྟོན་ཡང་དག་བྱེད་ཀྱི་ཡོད།
ལོ་10ལྷག་ཙམ་གྱི་རིང་། ཉི་མ་ཚེ་རིང་གིས་ཕྲུ་གུ་ཚོ་རིམ་བཞིན་འཚར་ལོངས་བྱུང་ནས་སྤྱི་ཚོགས་ལ་ཕན་པའི་མི་ཞིག་ཏུ་གྱུར་པ་མཐོང་སྐབས་ཁོང་ལ་སྤོབས་པ་ཧ་ཅང་ཆེན་པོ་སྐྱེས་ཀྱི་ཡོད། མིག་སྔར། ཉི་མ་ཚེ་རིང་གིས་གསོ་ཉར་བྱས་པའི་དྭ་ཕྲུག་27ཡོད་པའི་ནང་7སློབ་ཆུང་དང་སློབ་འབྲིང་འགྲིམ་པ་དང་། 9བདེ་བླག་ངང་སློབ་ཆེན་ལ་རྒྱུགས་འཕྲོད་པ། 11སློབ་གྲྭ་ཐོན་པ་མ་ཟད་ལས་ཀའང་རག་ཡོད།
2013ལོར་ཉི་མ་ཚེ་རིང་གིས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་སྐབས་གསུམ་པའི་གྲངས་ཉུང་མི་རིགས་ཀྱི་དང་བླངས་པའི་ཨེ་ཙིའི་ནད་སྔོན་འགོག་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོར་ཞུགས་པ་རེད། དེ་རྗེས་ཁོང་གིས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ནག་ཆུ། མངའ་རིས་སོགས་ཀྱི་སློབ་གྲྭ་དང་། ཚན་པ། གཞི་རིམ་བཅས་སུ་ཨེ་ཙིའི་ནད་སྔོན་འགོག་གི་སྒྲོག་འགྲེལ་བྱེད་སྒོ་ཐེངས་3000ལྷག་ཙམ་སྤེལ་བར་བསྐྱོད་ནས་དང་བླངས་པ་དེ་བས་མང་བ་དེའི་ཁྲོད་ཞུགས་རྒྱུའི་སྐུལ་སློང་བྱས་ཡོད།
2015ལོ་ནས་བཟུང་ཉི་མ་ཚེ་རིང་གིས་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱེད་སྒོ་ཐེངས་300ལྷག་ཙམ་སྤེལ་བ་མ་ཟད་ད་དུང་ཉེ་འགྲམ་གྱི་མི་ཚོར་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་རྒྱུའི་སྐུལ་སློང་ཡང་བྱས་ཡོད། ལོ་དེར་ཉི་མ་ཚེ་རིང་གིས་དབུལ་སྐྱོར་བྱ་གཞག་ཁྲོད་ཧུར་ཐག་ཞུགས་ཤིང་། ལོ་ལྟར་གྲོང་ལྷན་གཉིས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་འཚམས་འདྲི་བྱེད་པ་མ་ཟད། ད་དུང་དཀའ་ངལ་ཡོད་པའི་ནད་པ་ནང་སར་སྨན་བཅོས་བྱེད་པར་སྐྱོད་པར་རོགས་རམ་ཡང་བྱས་ཡོད།
ཉི་མ་ཚེ་རིང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལ་རང་ཉིད་ཀྱིས་ཁས་ལེན་ཆེན་པོ་བྱེད་ཀྱི་ཡོད་ལ། རང་ཉིད་ཀྱང་ཏང་ཡོན་ཞིག་བྱས་ནས་མི་དེ་བས་མང་བར་རོགས་རམ་བྱེད་འདོད་ཡོད”ཅེས་སྦ་གསང་མེད་པར་བཤད། 2019ལོར་ཉི་མ་ཚེ་རིང་ཀྲུང་གོ་གུང་ཁྲན་ཏང་ལ་དངོས་སུ་ཞུགས་པ་རེད།