ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་དང་སྲང་ལམ་དུ་སྐྱོད་སྐབས། གཞུང་ལམ་གཡས་གཡོན་གྱི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་ཡོད་མེད་དང་སྤྱི་པའི་ཁོངས་གཏོགས་སུ་གད་སྙིགས་གང་བྱུང་དུ་སྤུངས་ཡོད་མེད་ཞིབ་པར་ལྟ་ཞོར་དུ་གོམ་པ་སྤོ་མཚམས་བཞག་ནས་ཚོང་དུད་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པའི་ཤ་རིད་པའི་ཀྲང་ཀྲེང་མཐོང་རྒྱུ་ཡོད།
ཀྲང་ཀྲེང་གིས་2013ལོའི་ཟླ་4པར་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བ་དང་། 2020ལོའི་ཟླ་9པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་ཡོད། ལོ་མང་རིང་ཁོང་གིས་ནམ་ཡང་ཏང་དང་མི་དམངས་སེམས་སུ་བཅངས་ཏེ་ཏང་ཡོན་ཞིག་གི་ཚད་གཞིའི་ཐོག་ནས་རང་ཉིད་ལ་རེ་བ་ནན་པོ་བཏོན་པ་མ་ཟད། དོ་དོ་ནན་ནན་གྱིས་ལས་ཀ་ཚང་མ་ཡག་པོ་བསྒྲུབས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་འཇོག་ཐོབ་པར་བྱས་ཡོད།
བྱ་བ་དངོས་བསྒྲུབས་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ།
“དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཤིག་ཡིན། རྩ་འཛུགས་ཀྱིས་ང་རང་འགོ་ཁྲིད་བྱེད་དུ་བཅུག་པས་ཉི་མ་གང་འཁྱོལ་བྱས་ན་ག་ལ་འགྲིག ཡུལ་མི་ཚོའི་སྣེ་ཁྲིད་དེ་ཚང་མ་དང་མཉམ་དུ་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས”ཞེས་ཀྲང་ཀྲེང་གིས་རྒྱུན་དུ་བརྗོད་ཀྱི་ཡོད།
ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཡོད་པ་དང་ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་1.3ལས་མེད་པའི་འདམ་གཞུང་རྫོང་དུ་སྐབས་དེ་དུས་འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བཞིན་པའི་ཀྲང་ཀྲེང་གིས་རྫོང་དེའི་ཚན་ཁག་ཆེན་པོ་བཞིའི་སྣེ་ཁྲིད་དེ་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ཡུལ་སྐོར་དང་། “ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤ། རང་བྱུང་འཐུང་ཆུ་བཅས་སྤུས་རྟགས་ཐོན་ལས་ཆེན་པོ་གསུམ་འཕེལ་རྒྱས་ཤུགས་ཆེན་བཏང་བས། འདམ་གཞུང་རྫོང་གི་དབུལ་པོ་ཐོན་ཚད་2015ལོའི་16%ནས་0.03%བར་ཆག་པ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་གྲོང་ཁྱེར་དང་རྫོང་དང་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང(རྫོང)བདེ་བླག་ངང་བཏོད་ཡོད་ལ། རྒྱལ་ཁབ་ཀྱི་ཁུལ་ཁོངས་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་གཉིས་པ་དང་2020ལོའི་ཀྲུང་གོའི་རྫོང་ཁོངས་སྐྱེ་ཁམས་ལེགས་གྲས་བརྒྱའི་གྲས་སུ་བདམས་ཐོན་བྱུང་ཡོད།
ཁྲེང་ཀོན་ཆུས་སུ་འགོ་ཁྲིད་ཀྱི་འགན་ཁུར་ཚུན། ཀྲང་ཀྲེང་གིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ“དམངས་འཚོ་ལེགས་སུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ”གཞི་རྟེན་གལ་ཆེན་དུ་མཐའ་གཅིག་ཏུ་བརྩིས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དངོས། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ལས་འགན་ཨང་དང་པོར་བརྩིས་ཡོད།
མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་དང་། བསྟན་རྒྱས་གླིང་སྲང་ལམ། ཀླུ་སྒུག་སྡེ་ཁུལ་སོགས་སུ་ཁོང་གིས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་སྐད་ཆ་ཞིབ་ཕྲ་འདྲི་གི་ཡོད། ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཁག་ཏུ་ཁོང་གིས་ཁེ་ལས་མཁས་ཅན་དང་མཉམ་དུ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཐབས་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡོད། ཟླ་གཉིས་ཀྱང་མ་སོང་བར་ཁོང་གིས་ཆུས་ཡོངས་ཀྱི་ཁྲོམ་གཞུང་12དང་གྲོང་ལྷན་51ཚང་མར་བསྐྱོད་ཡོད།
ས་གཙང་བདེ་ཐང་ཐོན་ལས་དང་ལྷག་པར་དུ“བཞོན་མ་གསོ་ཚགས་ར་བ་གཅིག”དང“བདེ་འཇགས་འཐུང་ཆུའི་བཟོ་གྲྭ་གཉིས”ཀྱི་ཁྲོམ་ར་བཟུང་ཚད་རྒྱུན་མཐུད་མཐོ་རུ་གཏོང་ཆེད། ཁོང་གིས་སྣེ་ཁྲིད་དེ་བརྟག་ཞིབ་དང་། རིགས་པས་ཁུངས་སྐྱེལ། ཁྲོམ་ར་འཚོལ་ཞིབ་བཅས་བྱས་པ་མ་ཟད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པས། རྒྱལ་ཡོངས་ལྕགས་ལམ་ཁོངས་གཏོགས་དང་ཏུན་ཁྲི་5ཡི“ཏ་ཀྲའོ་གནས་ཆུ”ཕྱིར་འཚོང་གི་གྲོས་མཐུན་བདེ་བླག་ངང་བཞག་པ་དང་། མོང་ཉེའུ་ཚོགས་པ་དང་མཉམ་འབྲེལ་ཐོག་དཀར་ཆུའི་ཐོན་རྫས་གསར་སྤེལ་བྱས་པས། འབྲེལ་ཡོད་ཐོན་ལས་ཁག་དུས་འགོའི་སྲ་ཞིང་བརྟན་པའི་རྨང་གཞིའི་ཐོག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།
བྱ་ཐབས་ནུས་ལྡན་སྤྱད་དེ་ཁྲོམ་གཞུང་རྙིང་པར་སྒྱུར་བཀོད་བྱས་པ།
2017ལོའི་ཟླ་10པར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒྱལ་ཡོངས་ཀྱི་ཁག་གཉིས་པ་དང་བོད་ཀྱི་ཁག་དང་པོའི་དབུལ་ཞྭ་ཕུད་པའི་རྫོང་དང་ཆུས་ཀྱི་གྲས་སུ་གྱུར་ཡོད་མོད། འོན་ཀྱང་དབུལ་སྒྲོལ་བྱུང་རྗེས་མི་སེར་ཚོས་དོ་ཁུར་ཆེ་ཤོས་བྱེད་ས་ནི་གང་དག་ཡིན་ནམ།
གནད་དོན་དེར་དམིགས་ནས་ཀྲང་ཀྲེང་གིས་གཟའ་འཁོར་གཉིས་རིང་ཁྲེང་ཀོན་ཆུས་ཀྱི་སྲང་ལམ་ཚང་མར་བསྐྱོད། སྲང་ལམ་དེ་དག་གི་ནང་དུ་ཁྲེང་ཀོན་ཆུས་ཀྱི་མི་དམངས་མང་ཚོགས་ཁྲི་བཅུ་ཙམ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། སྲང་ལམ་གུ་དོག་པོ་ཡོད་ནའང་མི་སེར་གྱི་སེམས་སྦྲེལ་ལམ་དང་དམངས་འཚོའི་ལམ་ཤ་སྟག་རེད། སྲང་ལམ་བཙོག་ལ་ཟང་ཟིང་ཆེ་བས་མང་ཚོགས་ཀྱིས་དེའི་ཐད་བསམ་འཆར་མང་པོ་འདོན་གྱི་ཡོད་པ་རེད། “བརྟག་ཞིབ་བྱས་པ་བརྒྱུད་ཁྲེང་ཀོན་ཆུས་ཀྱིས་མ་དངུལ་སྒོར་ཁྲི་5000སྤྱི་འདོམས་བྱས་ཏེ། སྲང་ལམ་སྒྱུར་བཀོད་ཀྱི་ལས་དོན་སྤེལ་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་བཏང་ཡོད”
སྲང་ལམ་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་བཏང་བ་བརྒྱུད། ད་ཆ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྲང་ལམ་ཆེ་ཆུང་གང་སར་གད་སྙིགས་གང་བྱུང་དུ་སྤུངས་བའི་སྣང་ཚུལ་མཐོང་རྒྱུ་མེད་ལ་གཞུང་ལམ་གཙང་ལ་གྲལ་འགྲིག་པོ་ཡོད། མིག་སྔར། ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་དང་ཚལ་གུང་ཐང་ཁྲོམ་གཞུང་སོགས་ཁྲོམ་གཞུང་4ཡི་སྡེ་ཁུལ་17ལ་ཁེབས་གཅོད་ཡོད་པའི་གད་གཞོང་ཆུང་གྲས་དང་འཁྱེར་བདེ་བའི་གད་སྙིགས་དབོར་ཆས་3500ཙམ་བཙུགས་ནས། ཁྲོམ་གཞུང་དུ་གད་སྙིགས་སྔ་དགོང་ཐེངས་གཉིས་བསྡུ་བ་ནས་སྔ་དགོང་དང་ཉིན་དགུང་ལ་ཐེངས་གསུམ་བསྡུ་བའི་བར་འགྱུར་ལྡོག་བཏང་བས། གད་སྙིགས་དབོར་འདྲེན་གྱི་ལས་ཕྱོད་ཆེ་རུ་སོང་བ་དང་གད་སྙིགས་ཕུང་གསོག་ཐེབས་ཀྱི་མེད་པ་རེད།
“སྲང་ལམ་སྒྱུར་བཀོད་ཀྱི་ལས་ཕྱོད་རྒྱུན་མཐུད་ཆེ་རུ་གཏོང་ཆེད། ང་ཚོས་ད་དུང་ཆེད་མངགས་ཉིན་རེའི་སྐོར་ཞིབ་དང་། གཟའ་འཁོར་རེའི་ཞིབ་བཤེར། ཟླ་རེའི་དཔྱད་དཔོག ཟླ་རེའི་བརྡ་ཁྱབ་བཅས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་ཆེད་མངགས་བཟོས་ནས་སྲང་ལམ་སྒྱུར་བཀོད་ལས་དོན་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་ཁྱབ་ཁོངས་དང་། ཟླ་རེའི་རྒྱུན་ཨུའི་ཚོགས་འདུའི་དཔྱད་དཔོག་ཁྱབ་ཁོངས། ལོ་མཇུག་གི་ལས་རྗེས་དཔྱད་ཞིབ་ཁྱབ་ཁོངས་བཅས་སུ་བཅུག་སྟེ། རིམ་པ་བཞིན་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་ལས་དོན་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་ཀྲང་ཀྲེང་གིས་ངོ་སྤྲོད་བྱས།
འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་ལས་དོན་ཧུར་ཐག་བསྒྲུབས་པ།
བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་མར་གནས་པས་གཞི་རིམ་རྫོང(ཆུས)ཨུད་ཀྱི་ཧྲུའུ་ཅི་ཞིག་ཡིན་པའི་ཀྲང་ཀྲེང་གིས་རང་ཉིད་ཀྱི་ཕྲག་སྟེང་དུ་འཁུར་བའི་འགན་འཁྲི་ལྕི་པོ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད།
2015ལོར། འདམ་གཞུང་རྫོང་གིས“ལུག་ལོར་གནམ་མཚོ་སྐོར་བའི”བྱེད་སྒོ་སྤེལ་རིང་། ཀྲང་ཀྲེང་གིས་བཀོད་འདོམས་པུའུ་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་པའི་གནམ་མཚོའི་འགྲམ་དུ་བཙུགས་ཏེ་ཉིན་ལྟར་ལས་ཀ་ཆུ་ཚོད་10ལྷག་ཙམ་བྱས་པ་མ་ཟད། ཉིན་མཚན་མེད་པར“ལུག་ལོར་གནམ་མཚོ་སྐོར་བའི”ལམ་རྒྱུད་དུ་སྐོར་ཞིབ་བྱས་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང“ལུག་ལོར་གནམ་མཚོ་སྐོར་བའི”བྱེད་སྒོའི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
ཁྲེང་ཀོན་ཆུས་སུ་འགོ་ཁྲིད་ཀྱི་འགན་ཁུར་རྗེས། ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་སྤེལ་བའི་སྔ་ནུབ་ཏུ་བཀོད་སྒྲིག་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཀྲང་ཀྲེང་གཅིག་པུས་རྟག་ཏུ་བྱེད་སྒོ་སྤེལ་ཡུལ་དུ་རྟོག་ཞིབ་བྱེད་པར་ཡང་ཡང་ཕེབས་ཀྱི་ཡོད།
ལས་འབོར་མང་བའི་ཁར་གསོ་རླུང་མི་འདང་བ་དང་དུས་ཡུན་རིང་པོ་གཉིད་ཡག་པོ་ཞིག་ཉལ་ཁོམ་མ་བྱུང་བའི་གནས་ཚུལ་འོག་ཀྲང་ཀྲེང་ལ་ཕོ་བའི་ནད་གཞི་ཕོག་པ་དང་སྙིང་འཕར་ཚད་མི་སྙོམས་པ་སོགས་ཀྱི་ས་མཐོའི་ནད་གཞི་མང་པོ་ཕོག་ཡོད་ནའང་། ལས་ཀའི་དུས་ཚོད་རིང་ཁོང་གིས་སྔར་བཞིན་ནད་ཀྱིས་མནར་བར་མི་འཛེམ་པར་མུ་མཐུད་ལས་ཀ་བྱེད་ཀྱི་ཡོད།