ཆུ་ཤུར་རྫོང་རྟ་དཀར་ཤང་ཟས་མདའ་གྲོང་ཚོར་ལས་དོན་རུ་ཁག(ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་མངགས)བཅའ་སྡོད་བྱས་པ་ནས་བཟུང་། འཕྲལ་མར་གནས་བབ་བསྒྱུར་ནས་མང་ཚོགས་ཁྲོད་ཧུར་ཐག་ཞུགས་ཏེ་གྲོང་ཚོའི་གནས་ཚུལ་ཤེས་རྟོགས་དང་། མང་ཚོགས་ཀྱི་བསམ་འཆར་ཉན་པ། སྲིད་ཇུས་འགྲེལ་བཤད་རྒྱག་པ་བཅས་བྱས་ནས་རོགས་སྐྱོར་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་མངགས་བཅོལ་ཟབ་མོ་སེམས་སུ་བཅངས་ནས་གྲོང་ཚོར་བཅའ་སྡོད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་རེད།
གྲོང་ཚོ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་འདེགས་ལྟེ་གནས་དང་གྲོང་ཚོའི་སྲང་ལམ་གྱི་འགྲོ་ལམ་མཁྲེགས་སྒྱུར་དང་བཅོས་སྒྲིག་དང་། རང་བྱུང་གྲོང་ཚོའི་སྡོད་མལ་ཁོར་ཡུག་ལེགས་གཏོང་། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་སོགས་དམངས་འཚོའི་འདུ་འགོད་རབ་དང་རིམ་པ་ལག་ལེན་བསྟར་བར་བརྟེན། ཟས་མདའ་གྲོང་ཚོར་སླར་ཡང་བཀྲག་མདངས་འཚེར་བ་དང་མང་ཚོགས་ཀྱི་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་རེད།
ཟས་མདའ་གྲོང་ཚོར་ཐོག་མར་སླེབས་དུས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཁོངས་མིས་བཅའ་སྡོད་བྱ་ཡུལ་གྱི་གྲོང་མིའི་གནས་ཚུལ་གསལ་རྟོགས་དང་མཐར་ལུས་དུད་ཁྱིམ་གྱི་ལྟ་ཞིབ་ཚད་ལེན་དང་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད། གྲོང་ཚོ“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཧུར་ཐག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་བརྟག་དཔྱད་འདྲི་ཤོག་དང་ངལ་ནུས་བསྐྱར་དུ་བསྡོམས་རྩིས་དང་བསྐྱར་དུ་གྲལ་བཤེར་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། བུ་ཕྲུག་སློབ་ཞུགས། ཁྱིམ་ཚང་གི་ཡོང་འབབ། དཀའ་ངལ་གཙོ་བོ་སོགས་གཙོ་གནད་དུ་བརྟག་དཔྱད་ཐོ་འགོད་བྱས་པས་ཟས་མདའ་གྲོང་ཚོའི་གཞི་རྩའི་གནས་ཚུལ་དང་། དཀའ་ངལ་གཙོ་བོ། དབུལ་སྐྱོར་ཐབས་ཇུས་བཅས་སྔར་བས་མཐིལ་རྟོགས་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བར་ཁ་ཕྱོགས་གསལ་པོ་རྙེད་པ་རེད།
འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་ནས་སྔར་བཞིན་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་པ་དང་མང་ཚོགས་ཀྱི་སྙིང་ཉེ་བ་ཞིག་བྱས་པ་རེད། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་གྲོང་ཚོའི་མཉམ་སྡེབ་བྱེད་སྒོར་ཞུགས་པའི་མང་ཚོགས་ཀྱི་ཧུར་སེམས་སྔར་བས་ཆེ་རུ་བཏང་ནས་ཟས་མདའ་གྲོང་ཚོའི་གཞི་རིམ་ཏང་འཛུགས་སྐྱོང་དང་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་མཐུན་སྦྱོར་ཧུར་ཐག་འོག བོད་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་ཞིག་གིས་ཟས་མདའ་གྲོང་ཚོར་རོགས་སྐྱོར་མ་དངུལ་སྒོར་ཁྲི་30སྤྲད་དེ་ཟ་ཁང་དང་སྒོ་རྩིས་ཚོང་ཁང་བཙུགས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ་རེད། དུས་མཚུངས་དབུལ་སྐྱོར་སྣུམ་བཙིར་འཁོར་ཁང་སྐྲུན་རོགས་བྱས་པར་གྲོང་མི་ཚོའི་བསྔགས་བརྗོད་ཐོབ་པ་དང་། “དབུལ་སྐྱོར་སྣུམ་བཙིར་འཁོར་ཁང་བསྐྲུན་རྗེས་གྲོང་མི་ཚོས་ཐག་རིང་དུ་སྣུམ་བཙིར་བར་འགྲོ་དགོས་ཀྱི་མེད་པས་ཚང་མར་སྟབས་བདེ་ཆེན་པོ་བྱུང་སོང”ཞེས་དབུལ་སྐྱོར་སྣུམ་བཙིར་འཁོར་ཁང་གི་འགན་འཁུར་བ་རིག་འཛིན་གྱིས་གསར་འགོད་པར་བཤད།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བརྩེ་སེམས་ཟབ་མོ་འཆང་བ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་དམངས་འཚོའི་བྱ་བ་དངོས་བསྒྲུབས་ཤིང་། གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་། རིག་གནས་དར་རྒྱས། ཐོན་ལས་འཕེལ་རྒྱས་སོགས་ལ་བརྟེན་ནས་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་བསྐྲུན་པ་དང་། གྲོང་མིར་འཕེལ་རྒྱས་ལས་བྱུང་བའི་ཕན་པ་དངོས་ལོངས་སུ་སྤྱོད་ཐུབ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད།