ཏང་གི་བཀའ་དྲིན་བཟང་པོ་མཚོ་ལས་ཟབ། ཏང་དར་དམར་པོས་ཁ་ཕྱོགས་གསལ་སྟོན་བྱེད། ཏང་ཡོན་ནི་ཏང་དར་ཞིག་ཡིན་པས། ངེས་པར་དུ་རང་ནུས་ཡོད་རྒུ་འདོན་དགོས། བྱ་སྤྱོད་ནི་སྐུལ་ཁྲིད་ཡག་ཤོས་དེ་ཡིན་པ་དང་དཔེ་སྟོན་ནི་མིག་དཔེ་ཡག་ཤོས་དེ་རེད། ནག་ཆུ་གྲོང་ཁྱེར་གྱི་ཏང་ཡོན་རྒན་གྲས་པད་ཆུང་ལོ་ན་དྲུག་ཅུ་ལྷག་ཙམ་ལ་སླེབས་ཀྱང་སྔར་བཞིན་སྤྱིར་བཏང་གི་ལས་གནས་ཐོག་མི་དམངས་ལ་ཞབས་འདེགས་ཞུ་བཞིན་ཡོད།
ཏང་ལོ་40ལྷག་ཙམ་ལ་སླེབས་པའི་པད་ཆུང་གིས་རྒན་ཡོལ་ཞུས་རྗེས་ད་དུང་གསེར་རྙེད་ཆུས་སྲིད་གྲོས་ཀྱི་ཨུ་ཡོན་དང་། མི་དམངས་འདུམ་འགྲིག་པ། སྲིད་ཇུས་སྒྲོག་འགྲེལ་པ་བཅས་བྱེད་ཀྱི་ཡོད།
འདི་ལོ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་པད་ཆུང་གིས་གྲོས་གཞི་གཉིས་བཏོན་ཞིང་། གཅིག་ནི་སློབ་མའི་སེམས་ཁམས་བདེ་ཐང་སྐོར་ཡིན་པ་དང་། གཅིག་ཤོས་ནི་ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོ་བསྐྱར་ལོག་མི་ཐེབས་པ་ཇི་ལྟར་བྱེད་དགོས་པའི་སྐོར་རེད། པད་ཆུང་གིས“ཡུལ་གཞན་དུ་གནས་སྤོས་དང་བྱིས་པའི་སེམས་ཁམས་བདེ་ཐང་ནི་མི་སེར་གྱིས་སེམས་ཁུར་བྱེད་པའི་གནད་དོན་རེད”ཅེས་བརྗོད། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དཀའ་གནད་དང་མདོ་གནད་ཚོགས་འདུ་གཉིས་ཀྱི་ཐོག་འདོན་ཆེད། པད་ཆུང་གིས་གཞི་རིམ་གྱི་ཡུལ་དངོས་སུ་བརྟག་ཞིབ་བྱེད་པར་ཐེངས་མང་བསྐྱོད་ཡོད། “མང་ཚོགས་ལ་ཕན་པ་དང་སྲིད་གཞུང་ལ་གྲོས་འགོ་ཡག་པོ་དེ་འདྲ་འདོན་ཐུབ་ཚེ་ངའི་སེམས་ཤུགས་ཆེ་རུ་འགྲོ་གི་འདུག”ཅེས་པད་ཆུང་གིས་བརྗོད།
1993ལོར་པད་ཆུང་མི་དམངས་འདུམ་འགྲིག་པ་བྱེད་འགོ་ཚུགས། 2019ལོར་ཨ་ཁུ་པད་ཆུང་གི་འདུམ་སྒྲིག་པའི་ལས་དོན་ཁང་བཙུགས། པད་ཆུང་ལ་རྒྱུས་མངའ་ཡོད་མཁན་ཚོས་ཁོང་གིས་འདུམ་སྒྲིག་བྱེད་སྐབས་དུས་དང་རྣམ་པ་ཀུན་ཏུ་ས་ཕྱོགས་གང་སར་བསྐྱོད་ཀྱི་ཡོད་པ་དང་ག་དུས་འབོད་ཀྱང་ཡོང་རྐྱང་རེད་ཅེས་བརྗོད། མིག་སྔའི་བར། པད་ཆུང་གིས་རྩོད་གཞི་600ལྷག་ཙམ་འདུམ་འགྲིག་བྱས་པའི་ཁྲོད་དཀའ་ཚེགས་དང་རྙོག་དྲ་ཆེ་བའི་གྱོད་གཞི་29ཡོད་པ་དང་འདུམ་འགྲིག་ཐུབ་ཚད་90%ཡན་ཟིན་ཡོད།
པད་ཆུང་གིས་གསར་འགོད་པར། ཁོང་གིས་མི་དམངས་འདུམ་འགྲིག་པའི་ལས་ཀ་དེ་ལས་རྙོག་ཅིག་ལ་རྩ་བ་ནས་བརྩི་གི་མེད་པར་དེ་ལས་ལྡོག་སྟེ་བརྩི་དད་ཅིག་ལ་ངོས་བཟུང་གི་ཡོད་ཅེས་བརྗོད། བབ་ཆགས་ཀྱི་རང་གཤིས་དེ་འདྲ་ཡོད་པས་2019ལོར་པད་ཆུང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་འདུམ་འགྲིག་པ་རྩེ་གྲ་དང་། ནག་ཆུ་གྲོང་ཁྱེར་གྱི་འདུམ་འགྲིག་པ་རྩེ་གྲ རང་སྐྱོང་ལྗོངས་ཀྱི་འདུམ་འགྲིག་པ་རྩེ་གྲ་བཅས་ལ་བདམས་པ་དང་དེ་རྗེས་ད་དུང་2020ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ་བཅུ”ཡི་གྲས་སུ་བདམས།
སྒྲོག་འགྲེལ་བྱེད་རིང་། པད་ཆུང་གིས་རྟག་ཏུ་ཉེ་འགྲམ་དུ་ཐོན་པའི་གནས་ཚུལ་དཔེ་ལ་དྲངས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། རིགས་པའི་གཞུང་ལུགས་དང་སྲིད་ཇུས་རྣམས་གོ་བདེ་ལ་ཤེས་སླ་བ་དང་ཉན་སྤྲོ་བའི་སྐད་ཆའི་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་བརྒྱུད་བསྒྲགས་བྱེད་ཀྱི་ཡོད། “པད་ཆུང་གིས་ང་ཚོ་རིང་མོ་སྡེ་ཁུལ་གྲོང་ལྷན་གྱི་སྒྲོག་འགྲེལ་པ་བྱས་ནས་ལོ་མང་པོ་འགྲོ་གི་འདུག ཁོང་གི་སྒྲོག་འགྲེལ་ཉན་རིམ་བཞིན་སློབ་གསོ་ཟབ་མོ་ཐེབས་ཀྱི་འདུག”ཅེས་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གྱི་མང་ཚོགས་རྫ་རིས་དེ་ལྟར་བརྗོད།
གཟི་བརྗིད་མཚན་སྙན་དང་། གོས་དར། གདེང་འཇོག་བཅས་རེ་རེ་ལས་མང་ཚོགས་ཀྱིས་ཁོང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་མཚོན་ཐུབ། ཐོག་མའི་བསམ་འདུན་མ་བརྗེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་ཡོན་རྒན་གྲས་པད་ཆུང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ལ་ཕུལ་བའི་རྒྱུགས་ལན་ཞིག་རེད།