
འདི་ནི་ཧང་ཀྲོའུ་གྲོང་ཁྱེར་ཨན་ཤན་བང་སོ་ཁང་དུ་ཡོད་པའི་དཔའ་བོ་ཝང་ཝུའེ་ཡི་ཟངས་བརྙན་ཡིན་པ། (དཔྱད་གཞིའི་པར་རིས)
ཝང་ཝུའེ་ནི་1968ལོར་འཁྲུངས་པ་དང་ཀྲེ་ཅང་ཧུའུ་ཀྲོའུ་བ་རེད། ཀྲུང་གུང་ཏང་ཡོན་དང་། སྐུ་འཚོ་བཞུགས་སྐབས་དེ་སྔའི་ལྷོ་རྒྱ་མཚོའི་དམག་གྲུ་རུ་ཁག་མཁའ་སྐྱོད་དམག་ཐོན་ཤོག་ཅིག་གི་རུ་དཔོན་འབྲིང་བ་དང་རིམ་པ་དང་པོའི་འཕུར་སྐྱོད་པ་རེད།
སློབ་འབྲིང་སྐབས་ནས་ཝང་ཝུའེ་དམག་ལ་ཞུགས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་བསམ་བརྟན་པོ་ཡོད། 1986ལོའི་ཟླ་6པར་བསམ་འདུན་བཞིན་གཟི་བརྗིད་ལྡན་པའི་ངང་དམག་མིའི་སློབ་གྲྭའི་འཕུར་སྐྱོད་སློབ་མ་ཞིག་ཏུ་གྱུར། 1991ལོའི་ཟླ་6པར། ཝང་ཝུའེ་མཁའ་དམག་མཁའ་སྐྱོད་སློབ་གྲྭ་ཞིག་ནས་མཐར་ཕྱིན་རྗེས་རང་འགུལ་ངང་མཚོ་དམག་དཔུང་སྡེར་ལས་ཀར་ཞུགས་པའི་འདུན་པ་ཞུས།
2001ལོའི་ཟླ་4པའི་ཚེས་1ཉིན། ཨ་རིའི་དམག་དཔུང་གི་མྱུལ་ཞིབ་གནམ་གྲུ་ཞིག་རང་རྒྱལ་གྱི་ཆེད་གཏོགས་དཔལ་འབྱོར་ཁུལ་གྱི་མཁའ་དབྱིངས་སུ་འཕུར་འོང་། ཝང་ཝུའེ་ཡིས་བཀའ་ལྟར་རྗེས་འདེད་བྱ་ར་བྱས། འཕུར་སྐྱོད་སྐབས་ཨ་རིའི་མྱུལ་ཞིབ་གནམ་གྲུ་དེས་ཐ་ཚིག་ཐེངས་མང་བསྒྲགས་ཀྱང་སྣང་མེད་དུ་བཏང་སྟེ་འཕུར་སྐྱོད་བྱེད་ཀྱིན་གློ་བུར་དུ་ཁ་ཕྱོགས་བསྒྱུར་ནས་ཝང་ཝུའེ་ཡི་གནམ་གྲུར་བརྡུངས། ནུས་ཤུགས་ཡོད་རྒུས་དམག་འཐབ་གནམ་གྲུ་སྐྱོབ་ཐབས་བྱས་ཀྱང་ཐབས་ཤེས་ཟད་དེ་གནམ་གྲུ་བསྐྱུར་ནས་གདུགས་མཆོང་མི་བྱེད་དཀའ་མེད་དུ་གྱུར་པས་རྒྱ་མཚོར་ལྷུངས།
ཝང་ཝུའེ་རྒྱ་མཚོར་ལྷུངས་རྗེས་དམག་དམངས་ཀྱི་འཚོལ་སྐྱོབ་མི་སྣ་ཐེངས་ཁྲི་10ལྷག་ཙམ་བཏང་ནས་ཉིན་མཚན་14བསྟུད་མར་བཙལ་ཀྱང་། བློ་ཕམ་དགོས་པ་ཞིག་ལ་འཕུར་སྐྱོད་དཔའ་བོ་བསྐྱབས་ཐུབ་མེད། མཐར་ཝང་ཝུའེ་གྲོངས་པ་གཏན་འཁེལ་བྱས་ཤིང་། སྐབས་དེ་དུས་ཁོང་གི་ལོ་33རེད།
2001ལོའི་ཟླ་4ཚེས་18ཉིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཝང་ཝུའེ་ལ“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་བྱ་དགའི་གཟེངས་རྟགས”རྗེས་སྤྲོད་བྱས་པ་དང་། ཟླ་4ཚེས་24ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ཝང་ཝུའེ་ལ“མཚོ་ཐོག་སྲུང་དམག”གི་གཟི་བརྗིད་མཚན་སྙན་དང་རིམ་པ་དང་པོའི་དཔའ་བོ་དཔེ་བཟང་གི་བྱ་དགའི་གཟེངས་རྟགས་སྤྲད་པ་རེད། 2019ལོར་ཝང་ཝུའེ་ལ“འབད་འཐབ་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་རེད།