48.ས་ཞིང་སྒྱུར་བཀོད་ལས་འགུལ།
1950ལོའི་ཟླ་6པར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་སྒྱུར་བཀོད་བཅའ་ཁྲིམས》དངོས་སུ་ཡོངས་བསྒྲགས་བྱས་ཤིང་། 1950ལོའི་དགུན་ཁ་ནས་འགོ་བཙུགས་ཏེ་གཞི་ཁྱོན་ཆེ་བའི་ས་ཞིང་སྒྱུར་བཀོད་ལས་འགུལ་བཅིངས་འགྲོལ་ཁུལ་གསར་པའི་གྲོང་གསེབ་ཏུ་རྒྱ་ཁྱབ་ངང་སྤེལ་བ་དང་། 1953ལོའི་དཔྱིད་ཀ་བར་ཀྲུང་གོའི་སྐམ་ས་ཆེན་པོར་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གཅིག་ཕུད་པའི་དེ་བྱིངས་ཚང་མར་ས་ཞིང་སྒྱུར་བཀོད་བྱས་ཡོད།
49.ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག
ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ནི་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཁྲའོ་ཞན་མི་དམངས་ལ་ཨ་རི་བཙན་རྒྱལ་རིང་ལུགས་ཀྱི་དྲག་པོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་རོགས་བྱས་ནས། ཀྲུང་གོའི་བདེ་འཇགས་སྲུང་སྐྱོབ་ཀྱི་དྲང་བདེན་དམག་འཁྲུག་ཅིག་རེད། 1950ལོའི་ཟླ་10ཚེས་19ཉིན། ཀྲུང་གོ་མི་དམངས་དང་བླངས་དམག་ཡ་ལུའུ་གཙང་པོ་བརྒལ་ནས་འཐབ་ས་མདུན་མར་བསྐྱོད་དེ། ཁྲའོ་ཞན་མི་དམངས་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་པ་རེད། 1953ལོའི་ཟླ་7ཚེས་27ཉིན། གཡུལ་འགྱེད་ཕྱོགས་གཉིས་པོས་དམག་མཚམས་འཇོག་པའི་གྲོས་མཐུན་བཞག་པ་རེད། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་རྒྱལ་ནང་གི་དཔལ་འབྱོར་སླར་གསོ་དང་དམངས་གཙོའི་བཅོས་སྒྱུར་ལ་བལྟོས་བཅས་བརྟན་ལྷིང་གི་ཞི་བདེའི་ཁོར་ཡུག་ཅིག་གཏོད་ཐུབ་ཡོད།
50.“ངོ་རྒོལ་གསུམ”གྱི་ལས་འགུལ།
“ངོ་རྒོལ་གསུམ”གྱི་ལས་འགུལ་ནི་1951ལོའི་ཟླ་བཅུ་གཉིས་པ་ནས་1952ལོའི་ཟླ་བཅུ་པའི་བར་ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣའི་ཁྲོད་སྤེལ་བའི་ལྐོག་ཟར་ངོ་རྒོལ་དང་། འཕྲོ་བརླག་ལ་ངོ་རྒོལ། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བཅས་ཀྱི་ལས་འགུལ་ཞིག་རེད།
51.“ངོ་རྒོལ་ལྔ”ཡི་ལས་འགུལ།
“ངོ་རྒོལ་ལྔ”ཡི་ལས་འགུལ་ནི་1952ལོའི་ཟླ་དང་པོ་ནས་ཟླ་བཅུ་པའི་བར་སྒེར་གཉེར་བཟོ་ཚོང་ལས་རིགས་ཀྱི་ཁྲོད་དུ་སྤེལ་བའི་ལྐོག་རྔན་ལ་ངོ་རྒོལ་དང་། ཁྲལ་ཆད་ཁྲལ་སྐུང་ལ་ངོ་རྒོལ། རྒྱུ་འཕྲི་སླ་བཅོས་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་རྒྱུ་ནོར་རྐུ་རྒྱག་གཡོ་ལེན་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་དཔལ་འབྱོར་གསང་འཕྲིན་རྐུ་རྒྱག་ལ་ངོ་རྒོལ་བཅས་ཀྱི་ལས་འགུལ་ཞིག་རེད། (མུ་མཐུད་འགོད་རྒྱུ)