ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ནང་དོན་ཕུན་སུམ་ཚོགས་པ་དང་། བརྗོད་དོན་ཁ་གསལ་བ། རྣམ་པ་སྣ་ཚོགས་བཅས་ཀྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཡིད་ཆེས་དང་ཆོད་སེམས་མངོན་པར་བྱས་ཡོད།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང“བདུན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཏེ་ཕུལ་བྱུང་གུང་ཁྲན་ཏང་ཡོན་42དང་། ཕུལ་བྱུང་ཏང་དོན་ལས་དོན་པ་19 སྔོན་ཐོན་གཞི་རིམ་ཏང་ཀྲི་པུའུ་6བཅས་ལ་གཟེངས་བསྟོད་བྱས་པ་རེད།
ཚོགས་འདུའི་ཐོག་ཏང་ཡོན་གསར་པས་ཏང་ཞུགས་དམ་བཅའ་བཞག་པ་དང་ཏང་ཡོན་རྒན་གྲས་ཚོས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་དང་། ཕུལ་བྱུང་གུན་ཁྲན་ཏང་ཡོན་དང་། ཏང་དོན་ལས་དོན་པ། ཏང་ཡོན་གསར་པ་བཅས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད། ལྗོངས་ནོར་སྲིད་ཐིང་ཏང་ཙུའི་ཧྲུའུ་ཅིས་ཆེད་དོན་ཏང་གི་སློབ་ཚན་ཁྲིད་དེ་ལོ་ངོ་བརྒྱ་ཡི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སྔོན་འགྲོ་ནི“སློབ་སྦྱོང་བྱེད་དགོས་དོན་གང་ཡིན་པའི”གནད་དོན་གསལ་པོ་རྟོགས་པ་དང་། ལོ་ངོ་བརྒྱ་ཡི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སྲོག་ཤིང་ནི“གང་ཞིག་སྦྱོང་དགོས་པའི”གནད་དོན་གསལ་པོ་རྟོགས་པ། ལོ་ངོ་བརྒྱ་ཡི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་འགག་རྩ་ནི“ཇི་ལྟར་བྱས་ནས་སྦྱོང་དགོས་པའི”གནད་དོན་གསལ་པོ་རྟོགས་པ་བྱ་རྒྱུ་ཡིན་པ་བཅས་ཕྱོགས་3ལ་དམིགས་ཏེ་གཟུགས་བརྙན་གསལ་འགྲེལ་བྱས་པ་དང་། ལས་བྱེད་ལས་བཟོ་ཚོར་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བར་གཞི་ཚུགས་ཏེ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བའི་ཁྲིད་སྟོན་བྱས་པ་རེད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་བརྒྱད་གཅིག་སྡེ་ཁུལ་དང་དེ་བཞིན་མཉམ་སྡོད་མཉམ་སྐྲུན་ཚན་པ་དང་མཉམ་དུ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་སྐོང་འཁྲབ་བྱེད་སྒོ་སྤེལ་ཏེ་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུར་བསྟོད་གླུ་དང་ཏང་གི་ལོ་ངོ་བརྒྱ་ཡི་འཁྲུངས་སྐར་ལ་ཕྱག་རྟགས་ཕུལ་ཡོད་པ་རེད།
ཆབ་མདོ་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོ“ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ནམ་ཡང་ཏང་གི་རྗེས་སུ་འབྲང”ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་གཞུང་རྒྱུའི་ཁོངས་གཏོགས་ཀྱི་བྱེད་སྒོ་སྤེལ་བ་རེད། 《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ》དང《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》 《གླུ་ཞིག་བླངས་ནས་ཏང་ལ་འབུལ》སོགས་གསར་བརྗེའི་གླུ་གཞས་མང་དག་ཅིག་གིས་གསར་བརྗེའི་དད་སེམས་ཀྱི་དཔང་པོ་བྱས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་བཤད་བྱས་པ། དུས་རབས་གསར་པར་བསྟོད་གླུ་འབུལ་བ་བཅས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གཞུང་རྒྱུའི་ཁོངས་གཏོགས་ཀྱི་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་དུང་ཟབ་མོ་སྔར་བས་མངོན་པར་བྱས་ཡོད།
ཆབ་མདོ་གྲོང་ཁྱེར་གྱི་ཟློས་གར་ཁང་དུ“ལོ་ངོ་བརྒྱ་ཡི་ལམ་བུར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བསྟོད་གླུ་འབུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་འཚོགས་པ་དང་། མཚན་ཚོགས་དེ་ལེ་ཚན་གསུམ་ལ་དབྱེ་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་ཆབ་མདོ་གྲོང་ཁྱེར་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱོགས་ཡོངས་ནས་མངོན་པ་དང་ཆབ་མདོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་ལྷག་བསམ་རྣམ་དག་དང་དགའ་ཞེན་གྱི་བརྩེ་སེམས་མཚོན་པར་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་གྱིས“ནམ་ཡང་ཏང་གི་རྗེས་སུ་འབྲང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོའི་ནང་ཏང་ཡོན་རྒན་གྲས་ཁག་གཅིག་གིས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཕུགས་བསམ་དང་དད་སེམས་དེ་བས་བརྟན་དུ་སོང་བ་དང་ཆབས་ཅིག “ནམ་ཡང་ཏང་གི་རྗེས་སུ་འབྲང་བའི”བརྗོད་དོན་གཙོ་བོའི་རིག་རྩལ་སྐོང་འཁྲབ་དང་ཤེས་བྱར་ཧབ་ཐོབ་ཀྱི་ལན་འདེབས་པ་བཅས་དང་དེ་བཞིན་གསོན་ཉམས་ལྡན་ལ་སྤྲོ་སྣང་འཕེལ་བའི་ལུས་རྩལ་འགྲན་བསྡུར་བྱས་ནས་ཏང་ཡོན་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པས་བྱེད་སྒོ་སྤེལ་ཡུལ་དུ་འཁྲུག་ཆ་དོད་པོར་གྱུར་ཡོད་པ་རེད།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་དགེ་སློབ་ཀྱི་གླུ་གཞས་འགྲན་བསྡུར་ཆེ་མོ་བྱས་པ་དང་དགེ་སློབ་ཆིག་སྟོང་ཙམ་མཉམ་དུ་འཛོམས་ནས་ཚང་མས་གཏོང་ཤེས་པ་དང་ཡུན་རིང་ཉམས་པ་མེད་པའི་གསར་བརྗེའི་གླུ་གཞས་སྙན་པོ་བཏང་ནས་ཏང་གི་འོད་སྟོང་འབར་བའི་ལོ་ངོ་བརྒྱ་ལ་བསྟོད་གླུ་ཕུལ་བ་དང་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུས་ཡོད། དགེ་རྒན་དང་ལས་བཟོའི་མཉམ་གཞས་ཚོགས་པ་6དང་། ཀྲི་པུའུ་ཡི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་མཉམ་གཞས་ཚོགས་པ་1 སློབ་མའི་མཉམ་གཞས་ཚོགས་པ་8བཅས་ད་རེས་ཀྱི་འགྲན་བསྡུར་ནང་ཞུགས་ཡོད་པ་དང་། ཚང་མས་གླུ་དབྱངས་ལ་བརྟེན་ནས་ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཚང་མའི་དད་སེམས་བརྟན་དུ་ཕྱིན་ལུགས་མཚོན་པར་བྱས་ཡོད།
ཉེ་ཆར། 2021ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི”དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ(འདྲེད་འཁོར་འགྲན་བསྡུར)རབ་དང་རིམ་པ་ལྷ་ས་གྲོང་ཁྱེར་བྱང་འདབས་ཀྱི་རྟ་རྒྱུག་ཐང་གི་ལུས་སྦྱོང་ཐང་ཆེན་དུ་གཉེར་བ་རེད། ད་རེས་ཀྱི་འགྲན་བསྡུར་དེར་ཁྱོན་མྱུར་ཚད་འདྲེད་འཁོར་དང་རང་མོས་རྣམ་པའི་འདྲེད་འཁོར་གྱི་རྣམ་གྲངས་ཆེ་གྲས་གཉིས་ཡོད་པས་འདྲེད་འཁོར་ལ་དགའ་པོ་བྱེད་མཁན་ཚོར་སྤེལ་རེས་དང་། ངོམ་སྟོན། སློབ་སྦྱོང་བཅས་བྱེད་པའི་ལས་སྟེགས་ཤིག་མཁོ་འདོན་གྱིས་གཞོན་ནུ་ལོ་ཆུང་ལུས་རྩལ་སྦྱོང་བརྡར་ནང་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་འགུག་པ་དང་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།