དབུ་ཤོག>ཆེད་སྒྲིག
  • སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-07-07

    ཟླ་7ཚེས་1ཉིན་གྱི་སྔ་དྲོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འགོ་ཚུགས་པ་དང་། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ལྟ་ཉན་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ཉན་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་བཀའ་གསུངས་གནད་སྨིན་དང་། སེམས་ཤུགས་འཕེལ་བ་དང་། སྐུལ་ལྕག་ཐེབས་པ་ཞིག་འདུག་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།

    “ང་ཚོའི་ལས་བྱེད་པ་དང་ལས་བཟོ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིས‘ཀྲུང་གོའི་མི་དམངས་ཀྱིས་ཀྱང་ཕྱི་ཕྱོགས་ཀྱི་ཕྱོགས་གཏོགས་གང་རུང་ཞིག་གིས་ང་ཚོར་བརྙས་བཅོས་དང་། གཉའ་གནོན། བྲན་བཀོལ་བཅས་རྩ་བ་ནས་བྱེད་དུ་འཇུག་མི་སྲིད། སུ་ཞིག་གིས་རེ་ངན་དེ་འདྲ་བཅངས་ཚེ་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་ཤ་རུས་ལས་གྲུབ་པའི་ཟངས་གྱང་ལྕགས་རྩིག་གི་ལྕགས་རི་རིང་པོའི་མདུན་དུ་མགོ་རྡོལ་ཁྲག་ཤོར་ཡོང་བར་ཐེ་ཚོམ་མེད’ཅེས་གསུངས་པ་ཐོས་སྐབས་བློ་མཐུན་འགའ་ཤས་དགའ་སྤྲོའི་མིག་ཆུ་འཁོར་བ་དང་། བློ་མཐུན་འགའ་ཤས་ཀྱིས་དགའ་བསུ་ཞུས་ནས་བསྔགས་བརྗོད་བྱས་ཏེ་སེམས་ཤུགས་རབ་ཏུ་འཕེལ་འདུག ངས་རང་ཉིད་ཀྲུང་གོ་བ་ཞིག་ཡིན་པར་སྤོབས་པ་སྐྱེས་ཀྱི་འདུག་ལ། མེས་རྒྱལ་དར་རྒྱས་གོང་འཕེལ་བྱུང་བར་སྤོབས་པའང་སྐྱེས་ཀྱི་འདུག”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཆུས་ཀྲང་གཞོན་པ་བསྟན་འཛིན་ཕུན་ཚོགས་ཀྱིས་ཚོགས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ལྟ་ཉན་བྱས་རྗེས་དེ་ལྟར་བརྗོད་པ་དང་། ཁོང་གིས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་འགྲེལ་བྱ་རྒྱུ་ཡིན་ཞེས་བཤད།

    ཧྭ་ནུས་ཉིང་ཁྲི་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་དབྱང་ཡུན་ཞང་གིས། ང་ཚོ་གློག་ཤུགས་བཟོ་པ་ཚོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་རང་འགུལ་ངང་འཚམ་པ་དང་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ཀྱི་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་གྱི་གྲ་སྒྲིག་ལས་དོན་སྤེལ་མགྱོགས་སུ་བཏང་སྟེ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་དང“ནུབ་གློག་ཤར་འདྲེན”གྱི་སྦྲེལ་མཐུད་རྟེན་གཞི་སྐྲུན་མགྱོགས་སུ་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་རྫ་ར་ཤང་དཔེ་གསར་གྲོང་ཚོའི་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ལོ་73ལ་སླེབས་པའི་ཏང་ཡོན་རྒན་གྲས་ཡེ་ཤེས་མཚོ་མོ་ནི་དཔེ་གསར་གྲོང་ཚོའི་རྒན་རྒོན་སྒྲོག་འགྲེལ་དང་བླངས་ཞབས་ཞུ་རུ་ཁག་གི་རུ་མི་ཞིག་ཡིན་པ་དང་། ཁོང་གིས“བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་ང་ཚོ་བརྙས་བཅོས་དང་། གཉའ་གནོན། བྲན་བཀོལ་བཅས་ཀྱི་གནས་ལས་རྦད་དེ་ཐར་བ་དང་། ད་ཆ་ང་ཚོ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པར་སྤོ་རྒྱུ་བྱུང་བས་ཧ་ཅང་སྐྱིད་པོ་འདུག གུང་ཁྲན་ཏང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཏང་ཡོན་རྒན་གྲས་ངས་རང་ཉིད་ཀྱི་ནུས་ཤུགས་ལྷག་མ་བཏོན་ཏེ་རྒན་རྒོན་སྒྲོག་འགྲེལ་དང་བླངས་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།