དབུ་ཤོག>ཆེད་སྒྲིག
  • “བླ་ན་མེད་པའི་མཛད་རྗེས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དམིགས་བསལ་འགྲེམས་སྟོན”པེ་ཅིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-06

    ཉེ་ཆར། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི“བླ་ན་མེད་པའི་མཛད་རྗེས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དམིགས་བསལ་འགྲེམས་སྟོན”པེ་ཅིང་དུ་འགོ་ཚུགས་པ་རེད། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྲི་ཐར་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཁྲེན་ཙུང་རུང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་100ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འགྲེམས་སྟོན་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་གཙོ་རྐང་དུ་བྱས་ནས་ལོ་ངོ་70ཡི་རིང་གི་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ཐད་ཀྱི་རླབས་ཆེན་གྱི་ལག་ལེན་ལ་དམིགས་ཏེ“ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ལྗོངས་དང་མེས་རྒྱལ་དབར་གྱི་འབྲེལ་བ”དང་། “སྤྱི་ཚོགས་ལམ་ལུགས་ལ་མཆོང་སྐྱོད་རླབས་ཆེན་བྱུང་བ” “དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་རླབས་ཆེན་བྱུང་བ” “དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ” “དུས་རབས་གསར་པ། མཆོང་སྐྱོད་གསར་པ” “བོད་ཀྱི་འཕེལ་རྒྱས་ཡར་ཐོན་རྩ་བ་ཀྲུང་དབྱང་གི་ཐུགས་ཁུར་ལ་ཐུག་པ” “རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་བོད་ལ་རོགས་སྐྱོར་བྱེད་པ”བཅས་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་7ཇུས་འགོད་བྱས་ཡོད། འགྲེམས་སྟོན་ལ་པར་རིས་350ལྷག་ཙམ་དང་རྩ་ཆེའི་དངོས་པོ་དང་ཚད་ལྡན་ཡིག་ཆ་61སྤྱད་དེ། རྟོག་བཟོ་དངོས་མཚོན་དང་བརྒྱུད་ལམ་སྣེ་མང་མཉམ་འགུལ་སོགས་དེང་རབས་ཀྱི་ཚན་རྩལ་བྱ་ཐབས་ལ་བརྟེན་ནས་དངོས་པོའི་དཔེ་དབྱིབས་དང་། རྩ་གསུམ་དཔེ་དབྱིབས་སོགས་ཀྱི་རྣམ་པ་སྤྱད་དེ་ལོ་ངོ་70ཡི་རིང་བོད་ལ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད། མ་འོངས་པར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གིས་ད་དུང“བླ་ན་མེད་པའི་མཛད་རྗེས”ཀྱི་དྲ་ཐོག་འགྲེམས་ཁང་བཏོད་དེ། དངོས་གཞིའི་འགྲེམས་སྟོན་གྱི་ནང་དོན་རྣམས་ཕྱོགས་ཡོངས་དང་གྲངས་གཞི་ཅན་གྱི་སྒོ་ནས་མངོན་པར་བྱས་ཏེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་མཉམ་འགུལ་དྲིལ་བསྒྲགས་ལས་སྟེགས་ཤིག་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།