ཟླ་6ཚེས་29ཉིན་གྱི་སྔ་དྲོ“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ནས་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དད་སེམས་བརྟན་དུ་གཏོང་བ་དང་། དམིགས་ཡུལ་ལག་ལེན་བསྟར་བ། བྱས་རྗེས་དཔེ་བཟང་བ་མིག་དཔེར་འཛིན་པ་བཅས་བྱས་ཏེ་རང་འཁྲིའི་ལས་གནས་ཐོག་འབད་འཐབ་ལྷོད་མེད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོཌ་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྤྱི་ཚོཌ་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཧྭ་ནུས་ཉིང་ཁྲི་ཆུ་གློག་སྐས་རིམ་གསར་སྤེལ་ཚད་ཡོད་ཀུང་སིའི་ལས་མི་དབྱི་ལིང་གིས“ཁེ་ལས་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས། ངས་རླབས་ཆེན་གྱི་ཏང་དང‘བདུན་གཅིག་བྱས་རྗེས་གཟེངས་རྟགས’ཐོབ་མཁན་ཚོར་གུས་འདུད་ཞུ་རྒྱུ་ཡིན། སླད་ཕྱིན་ངས‘བདུན་གཅིག་བྱས་རྗེས་གཟེངས་རྟགས’ཐོབ་མཁན་ཚོ་མིག་དཔེར་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། རང་ངོས་ཀྱི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། ནུས་པ་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས་ལྷག་བསམ་རྣམ་དག་དང་། འགན་འཁྲི་འཁུར་ཕོད་པ། ཆེད་ལས། དངོས་སྒྲུབ། དྲང་སྲུང་བཅས་ཀྱི་གུང་ཁྲན་ཏང་ཡོན་ཞིག་ཧུར་ཐག་བྱ་རྒྱུ་ཡིན”ཞེས་བཤད།
“ང་ཚོས‘བདུན་གཅིག་བྱས་རྗེས་གཟེངས་རྟགས’སྤྲོད་པའི་མཛད་སྒོ་གཅིག་སྡུད་ཐོག་བལྟས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལས་ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་གུང་ཁྲན་ཏང་མིའི་དཀའ་སྤྱད་བབ་ཆགས་དང་སྤྱི་དོན་ཆེད་དུ་སྒེར་དོན་བརྗེད་པའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་དང་། ཤེས་སྤྱོད་གཅིག་མཐུན། ལས་གཅེས་ལས་བརྩོན། རང་གཅུན་ནན་པོ། གཞུང་དྲང་སྤྱོད་གཙང་། སྒེར་སེམས་མེད་ཅིང་འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་རྒྱུ་ཡིན། ད་ལྟ་ནས་འགོ་འཛུགས་པ་དང་རང་ངོས་ནས་འགོ་བཙུགས་ཏེ་གཞི་རིམ་གྱི་སྤྱོད་གཙང་སྲུང་སྐྱོང་ལས་དོན་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་ལྷུན་གྲུབ་རྫོང་བྱང་ཁ་ཤང་མི་དམངས་སྲིད་གཞུང་གི་ལས་བྱེད་པ་བསོད་ནམས་དབང་འདུས་ཀྱིས་བཤད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོང་ཚོའི་བྱས་རྗེས་སློབ་སྦྱོང་དང་ལག་བསྟར་བྱེད་རིན་ཡོད་པ་ཞིག་རེད་ལ། ཁོང་ཚོའི་སྙིང་སྟོབས་བརྩོན་ལེན་དང་ཁྱབ་གདལ་གཏོང་ཆོག་པ་ཞིག་ཀྱང་རེད་ཅེས་གསུངས་ཡོད། དེང་རབས་ཀྱི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ངོས་ནས་ངས‘བདུན་གཅིག་བྱས་རྗེས་གཟེངས་རྟགས’ཐོབ་མཁན་29མིག་དཔེར་བྱས་ཏེ་དཀའ་སྤྱད་འབད་འཐབ་ཀྱི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བ་དང་། སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པ། དཔེ་བཟང་གི་སྙིང་སྟོབས་དར་སྤེལ་གཏོང་བ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། རང་ངོས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་འགྲོ་ལམ་ཐོག་ཡག་པོ་བསྐྱོད་རྒྱུ་ཡིན”ཞེས་བོད་ལྗོངས་སློབ་ཆེན་ནོར་དཔལ་སློབ་གླིང་གི་2020ལོའི་ནོར་སྲིད་འཛིན་གྲྭ་2པའི་སློབ་མ་ཚེ་རིང་སྒྲོལ་མས་བཤད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་མི་སེམས་ལ་ལྕག་སྐུལ་ཆེན་པོ་ཐེབས་པ་དང་བརྩེ་བས་ཕྱུག་པ་ཞིག་ཡོད” “བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོའི་གནས་ཚུལ་བལྟས་རྗེས། ལྷོ་ཁ་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ལྟ་འདོམས་ཅུས་ཀྱི་བསྟན་འཛིན་དོན་གྲུབ་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས“ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་དཔེ་བཟང་བ་ཚོའི་མཛད་རྗེས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ལང་ཚོ་སྐྱེས་སུ་འབུལ་བ་དང་འབད་འཐབ་ཆེར་བསྐྱེད་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་བཤད།