དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-07-02

        ཞི་ཅིན་ཕིང་།

    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

    དེ་རིང་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གལ་ཆེ་ལ་གཟི་བརྗིད་ལྡན་པའི་ཉིན་མོ་ཞིག་རེད། ང་ཚོ་འདི་གར་འདུ་འཛོམས་གཟབ་རྒྱས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་སྦྲགས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ལ་རྒྱང་ལྟ་བྱེད་རྒྱུ་ཡིན།

    དང་ཐོག་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་ལ་དུས་ཆེན་གྱི་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།

    འདི་གར། ངས་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས་དཔལ་དང་གཟི་བརྗིད་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་བྱ་རྒྱུ་སྟེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། ང་ཚོའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་ནས། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། དབུལ་པོ་དབུལ་རྐྱང་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱུང་སྟེ། བློ་སྟོབས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གཟི་བརྗིད་དང་། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གཟི་བརྗིད། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད་བཅས་རེད།

    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

    ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་ཐོག་གི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པ་དང་། ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ཡུན་རིང་ལྡན་པས། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད། 1840ལོའི་ཉལ་ཐའི་དམག་འཁྲུག་རྗེས་སུ་ཀྲུང་གོ་འདི་ཉིད་རིམ་བཞིན་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་གྱུར་ནས་རྒྱལ་ཁབ་ཀྱིས་བརྙས་གཙེར་མྱོང་བ་དང་། མི་དམངས་དཀའ་སྡུག་ལ་གྱར་བ། ཤེས་དཔལ་ཉམས་རྒུད་དུ་སོང་བ་བཅས་ལས་ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མྱོང་མེད་པའི་གོད་ཆག་བྱུང་ཡོད། དུས་དེ་ནས་བཟུང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེན་གྱི་ཕུགས་འདུན་ལ་གྱུར་ཡོད།

    མི་རིགས་འཇིག་ཉེན་ལས་ཐར་བ་བྱ་ཆེད། ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་པ་དང་། སྤྱོད་བཟང་འདུན་ཆེའི་མི་སྣས་གང་སར་འབོད་སྐུལ་བྱེད་པར་བསྐྱོད། ཞི་བདེ་ལྷ་རྒྱལ་གྱི་ལས་འགུལ་དང་། ས་ཁྱི་ལོའི་ལུགས་སྒྱུར། དབྱི་ཧོ་ཐོན་གྱི་ལས་འགུལ། ལྕགས་ཕག་ལོའི་གསར་བརྗེ་བཅས་གཅིག་རྗེས་གཉིས་མཐུད་ངང་ལངས་ནས། རྒྱལ་སྐྱོབ་ཀྱི་ཇུས་གཞི་སྣ་ཚོགས་གཅིག་མཇུག་གཉིས་མཐུད་ངང་བཏོན་ཡང་ཚང་མ་ཕམ་ཉེས་སུ་སོང་ཡོད། དེ་དུས་ཀྱི་ཀྲུང་གོར་དགོས་གལ་ཆེ་ཤོས་ནི་བསམ་བློ་གསར་པས་རྒྱལ་ཁབ་འཇིག་ཉེན་ལས་སྐྱོབ་པའི་ལས་འགུལ་ལ་སྣེ་ཁྲིད་བྱེད་དགོས་པ་དང་། དགོས་གལ་ཆེ་ཤོས་ནི་རྩ་འཛུགས་གསར་པས་གསར་བརྗེའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པ་དེ་ཡིན།

    ཟླ་བ་བཅུ་པའི་གསར་བརྗེའི་མེ་སྒྱོགས་ཀྱི་སྒྲ་གྲགས་པ་དང་བསྟུན། ཀྲུང་གོར་མར་ཁེ་སི་ལེ་ཉིང་རིང་ལུགས་དར་འགོ་ཚུགས། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་གྱི་གོ་རྟོགས་སད་པ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་དམ་ཟབ་བྱེད་པའི་བརྒྱུད་རིམ་ནང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་རེད། ཀྲུང་གོར་གུང་ཁྲན་ཏང་དབུ་བརྙེས་པ་ནི་གནམ་ས་འབྱེད་པའི་དུས་འགྱུར་ཆེན་པོ་ཞིག་རེད། དེས་ཉེ་རབས་རྗེས་ཀྱི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་སོང་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་སོང་བ། འཛམ་གླིང་གི་འཕེལ་རྒྱས་འགྲོ་ཕྱོགས་དང་རྣམ་པར་འགྱུར་ལྡོག་གཏིང་ཟབ་སོང་ཡོད།

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དོན་གཉེར་བྱེད་པ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཏན་འཁེལ་བྱས་ཡོད། ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་སྤེལ་བའི་འཐབ་རྩོད་མཐའ་དག་དང་། བློས་གཏོང་མཐའ་དག གསར་གཏོད་མཐའ་དག་བཅས་མདོར་བསྡུས་ན་བརྗོད་དོན་གཙོ་བོ་གཅིག་ཡིན་པ་སྟེ། དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་རེད།

    ——ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཕྱིར་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་གྱི་གྲུབ་འབྲས་བཏོད་ཡོད། ང་ཚོས་བྱང་འདུལ་དམག་འཁྲུག་དང་། ས་ཞིང་གསར་བརྗེའི་དམག་འཁྲུག རི་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་བརྒྱུད། དྲག་ཆས་སྤྲས་པའི་གསར་བརྗེས་དྲག་ཆས་སྤྲས་པའི་གསར་བརྗེར་ངོ་རྒོལ་མཁན་ལ་ངོ་རྒོལ་བྱས་ཏེ་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་རྩ་གཏོར་བཏང་ནས་མི་དམངས་རང་ཁྱིམ་རང་བདག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ། མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་ནས་ཀྲུང་གོ་རྙིང་པའི་ཕྱེད་མི་སེལ་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་དང་། ཀྲུང་གོ་རྙིང་པའི་སྲན་ཕུང་ཐོར་བ་ལྟ་བུའི་རྣམ་པ་རྦད་དེ་མཇུག་འགྲིལ་བ། བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོར་བཙན་འགེལ་བྱས་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་ཀྲུང་གོར་ཡོད་པའི་བཙན་རྒྱལ་རིང་ལུགས་ཀྱི་དམིགས་བསལ་དབང་ཆ་མཐའ་དག་རྦད་དེ་རྩ་མེད་དུ་སོང་བ་བཅས་ལས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཕྱིར་སྤྱི་ཚོགས་ཀྱི་ཆ་རྐྱེན་གལ་ཆེན་བསྐྲུན་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་དཔལ་དང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་མི་དམངས་ཡར་ལངས་བྱུང་བ་དང་ཀྲུང་ཧྭ་མི་རིགས་ལ་གཞན་གྱིས་རང་སྣང་གང་ཤར་དུ་མནར་གཅོད་གཏོང་བ་དང་བརྙས་བཅོས་བྱེད་པའི་དུས་རབས་མཇུག་འགྲིལ་བའི་ཁྱབ་བསྒྲགས་བྱས་པ་རེད།          

    ——ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཕྱིར་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་སྟོབས་རང་སྤེལ་དང་འབད་འཐབ་ཆེར་སྐྱེད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་བཏོད་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བྱས་ཏེ། ཀྲུང་གོར་ལོ་ངོ་སྟོང་ཕྲག་འགའ་ཤས་རྒྱུན་མཐུད་པའི་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་དང་གཉའ་གནོན་གྱི་ལམ་ལུགས་རྩ་མེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། བཙན་རྒྱལ་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་རྩ་སློག་གཏོར་བཤིག་དང་དྲག་པོའི་འཁྲུག་སློང་ལས་རྣམ་པར་རྒྱལ་བ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་བྱུང་བ་ནས་བཟུང་གི་ཆེས་རྒྱ་ཁྱབ་དང་གཏིང་ཟབ་པའི་སྤྱི་ཚོགས་གསར་སྒྱུར་མངོན་འགྱུར་ཐུབ་པ་དང་། དབུལ་ཞིང་ཕོངས་པ་དང་མི་འབོར་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་པའི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཕྱིར་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་གལ་ཆེན་བཏིང་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་དཔལ་དང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་མི་དམངས་ནི་འཇིག་རྟེན་རྙིང་པ་ཞིག་གཏོར་མཁས་པ་མ་ཟད། ད་དུང་འཇིག་རྟེན་གསར་པ་ཞིག་སྐྲུན་མཁས་པོ་ཡོད། སྤྱི་ཚོགས་རིང་ལུགས་ཁོ་ནས་ཀྲུང་གོ་སྐྱོབ་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་ཀྲུང་གོ་འཕེལ་རྒྱས་གཏོང་ཐུབ་པ་ཁྱབ་བསྒྲགས་བྱས་པ་རེད།

    ——ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཕྱིར་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་བཏོད་ཡོད། ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་ཟབ་མོ་ལྡན་པའི་རླབས་ཆེན་གྱི་ཕྱོགས་སྒྱུར་ཆེན་པོ་ཡོང་བ་བྱས་ནས། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ཀྱི་ཏང་གི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ། ཕྱོགས་ཁག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་། མཐའ་འཁྱོངས། སྲུང་སྐྱོབ། འཕེལ་རྒྱས་བཅས་བཏང་སྟེ། ཚད་མཐོའི་གཅིག་སྡུད་ཀྱི་འཆར་གཞིའི་དཔལ་འབྱོར་སྒྲིག་སྲོལ་ནས་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་བར་དང་། བཀག་སྡོམ་དང་ཕྱེད་བཀག་སྡོམ་ནས་ཕྱོགས་ཡོངས་སྒོ་དབྱེའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཐོན་སྐྱེད་ནུས་ཤུགས་བལྟོས་བཅས་རྗེས་ལུས་ཀྱི་རྣམ་པ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ། མི་དམངས་ཀྱི་འཚོ་བ་ལྟོ་གོས་མི་འདང་བ་ནས་སྤྱི་ཡོངས་འབྱོར་འབྲིང་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་བཅས་ལས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་གསོན་ཤུགས་གསར་པས་ཁེངས་པའི་སྒྲིག་སྲོལ་གྱི་འགན་ལེན་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དངོས་པོའི་ཆ་རྐྱེན་བསྐྲུན་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་གཟི་བརྗིད་ལྡན་པའི་ངང་སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་ཐབས་མཆོག་ཅིག་ཡིན་པ་དང་། ཀྲུང་གོས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སུ་བསྙེགས་པའི་ཁྱབ་བསྒྲགས་བྱས་པ་རེད།

    ——ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཕྱིར་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གདེང་ཚོད་ཆེར་སྐྱེད་དང་དྲང་སྲུང་གསར་གཏོད་བྱས་ནས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་བཏོད་ཡོད། 

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ང་ཚོས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། སྒྲིག་སྲོལ་བཞིན་ཏང་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། ཅུང་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་གྲུབ་པར་བྱས་པ། ཉེན་ཁ་དང་འགྲན་སློང་ཆེ་རིགས་སྣ་ཚོགས་ལས་རྣམ་པར་རྒྱལ་བ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་འཐབ་ཇུས་བཀོད་སྒྲིག་ཁ་གསལ་བཟོས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་བཅས་ཀྱི་ཐོག་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་གཟི་བརྗིད་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ལ་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་ཁྱབ་བསྒྲགས་བྱས་པ་རེད།

    ལོ་ངོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ“རང་སྲོག་དོར་བའི་བློ་སྟོབས་རབ་ཏུ་སྐྱེད། གནམ་ས་གསར་པ་གཏོད་པའི་སྙིང་སྟོབས་འཕེལ ”བའི་དཔའ་ཉམས་ཆེན་པོའི་ཐོག་ནས་ལོ་ངོ་སྟོང་ཕྲག་རིང་གི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ལོ་ངོ་བརྒྱའི་རིང་བཏོད་པའི་རླབས་ཆེན་གྱི་འགྲོ་ལམ་དང་། གསར་གཏོད་ཀྱི་རླབས་ཆེན་བྱ་གཞག ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་བཅས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དང་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འཁོད་ངེས་རེད།

    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

    ལོ་ངོ་བརྒྱའི་གོང་། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཏེ་བདེན་དོན་མཐའ་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་འཁུར་བ། རང་སྲོག་བློས་གཏོང་ལ་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བཅས་བྱས་ནས། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་བཏོད་ཡོད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་རེད།

    ལོ་ངོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཡུན་རིང་འབད་འཐབ་བྱེད་རིང་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མ་ལག་བཏོད་པ་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་ཞུན་བརྡར་ཐུབ་པ་བྱས་ཡོད། ལོ་རྒྱུས་ནི་ཆུ་རྒྱུན་བཞིན་རིང་བ་དང་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། ང་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུན་གྱི་རྒྱུན་མཐུད་དེ། ནམ་ཡང་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།

    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

    ལོ་ངོ་བརྒྱའི་རིང་ང་ཚོར་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་ཀྲུང་གོ་གུང་ཁྲན་ཏང་མི་དང་། ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་མིན། བློ་མཐུན་ཧུའུ་ཅིན་ཐའོ་བཅས་ཀྱིས་མཚོན་བྱེད་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་མཛད་རྗེས་ལོ་རྒྱུས་ཐོག་འཁོད་པའི་རླབས་ཆེན་གྱི་བྱས་རྗེས་བཏོད་ཡོད། ང་ཚོས་ཁོང་རྣམ་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

    སྐབས་འདིར། ང་ཚོས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་དང་། ཀྲུང་གོ་གུང་ཁྲན་ཏང་འཛུགས་པ་དང་། སྲ་བརྟན་དུ་གཏོང་བ། འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་གསར་བརྗེ་མཁས་ཅན་རྒན་རབས་ཚོར་རྗེས་དྲན་ཟབ་མོ་ཞུ་རྒྱུ་དང་། ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོང་། འཛུགས་སྐྲུན་བཅས་ཀྱི་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཟབ་མོ་ཞུ་རྒྱུ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཆེད། དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་གསར་རྗེའི་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཟབ་མོ་ཞུ་རྒྱུ། ཉེ་རབས་ཚུན་དུ་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ཆེད་དཔའ་ངར་ཞུམ་མེད་ངང་འབད་འཐབ་བྱེད་མཁན་བློ་མཐུན་ཡོངས་ལ་རྗེས་དྲན་ཟབ་མོ་ཞུ་རྒྱུ་ཡིན། ཁོང་རྣམ་པས་མེས་རྒྱལ་དང་མི་དམངས་ལ་བྱས་རྗེས་རླབས་ཆེན་བཞག་པ་དེ་དག་ལོ་རྒྱུས་དེབ་ཐེར་ཐོག་འཁོད་ངེས་རེད། ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་མི་དམངས་ཀྱི་སེམས་ནང་ནམ་ཡང་གནས་ངེས་རེད།

    མི་དམངས་ནི་ལོ་རྒྱུས་གཏོད་མཁན་དང་དཔའ་བོ་ངོ་མ་ཡིན། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་དང་། དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་ཁག ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་རུ་ཁག་གི་བཀོད་འཐབ་པ། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས་རྫོགས། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ་བཅས་དང་། དེ་བཞིན་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་མི་དམངས་དང་མཛའ་མཐུན་མཉམ་གནས་བྱེད་མཁན་དང་། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་གི་མི་དམངས་དང་གྲོགས་པོ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

    ཐོག་མའི་བསམ་འདུན་སྒྲུབ་སླ་ཡང་། གཏན་དུ་སྲུང་རྒྱུ་དཀའ་ངལ་ཆེ། ལོ་རྒྱུས་དཔྱད་གཞིར་འཛིན་གྱུར་ན། རྒྱལ་ཁབ་དར་རྒྱས་ཡོང་ངེས་ཡིན། ང་ཚོས་ལོ་རྒྱུས་ཀྱི་འོད་སྣང་དོན་དངོས་ལ་འཕྲོ་བ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཁྲོད་ནས་སྔོན་ཆད་ང་ཚོ་ལམ་ལྷོངས་བྱུང་དོན་གསལ་པོར་མཐོང་ཐུབ་པ་དང་། འབྱུང་འགྱུར་ང་ཚོས་ཇི་ལྟར་བྱས་ན་གཞི་ནས་མུ་མཐུད་གྲུབ་འབྲས་ཐོབ་པ་གསལ་པོར་རྟོགས་པར་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དེ་བས་བློ་བརྟན་འགྱུར་མེད་དང་དེ་བས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

    ——ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཚུན་གྱི་ལོ་ངོ་180ཡི་ལོ་རྒྱུས་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན་གྱི་ལོ་ངོ་100ཡི་ལོ་རྒྱུས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཚུན་གྱི་ལོ་ངོ་70ལྷག་ཙམ་གྱི་ལོ་རྒྱུས་བཅས་ཚང་མ་ལས། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མེད་པ་ར་འཕྲོད་གང་ལེགས་ཐུབ་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས། ཏང་དང་རྒྱལ་ཁབ་ཀྱི་རྩ་བ་གནས་ས་དང་སྲོག་རྩ་གནས་ས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་ལས་དབང་དང་འབྲེལ་བ་ཡོད་པ་བཅས་རེད།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ། ཏང་གི་ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་བཞིན་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ་དང་ཕྱོགས་ཁག་དང་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    ——ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པར་ངེས་པར་དུ་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས། རྒྱལ་སྲིད་ནི་མི་དམངས་ཡིན་ཞིང་། མི་དམངས་ནི་རྒྱལ་སྲིད་ཡིན། རྒྱལ་སྲིད་བླངས་པ་དང་རྒྱལ་སྲིད་སྲུང་བ་དེ་དོན་དུ་མི་དམངས་ཀྱི་སེམས་སྲུང་རྒྱུ་དེ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་རྩ་བ་དང་། ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ཀྱི་ཁྲོད་དུ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པར་བྱས་ནས། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་འཆི་གསོན་མཉམ་གནས་བྱེད་པ་ལས་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་གང་ཡང་མེད་ལ། ཐོག་མ་ཉིད་ནས་ཁེ་ཕན་གྱི་ཚོགས་པ་གང་རུང་དང་། དབང་ཤུགས་ཀྱི་ཚོགས་པ་གང་རུང་། དམིགས་བསལ་དབང་ཆའི་རིམ་གྲས་ཀྱི་ཁེ་ཕན་གང་རུང་བཅས་མཚོན་པར་བྱེད་ཀྱི་མེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཁ་ཕྲལ་དུ་གཏོང་བ་དང་ཕན་ཚུན་ཁ་གཏད་དུ་ལངས་རྒྱུའི་རེ་ངན་འཆང་རིགས་ཚང་མ་གཏན་ནས་འགྲུབ་ཐབས་བྲལ་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་མི་ཁྲི་9500ལྷག་ཙམ་གྱིས་ཁས་ལེན་མི་སྲིད་ལ། ཀྲུང་གོ་མི་དམངས་དུང་ཕྱུར་14ལྷག་ཙམ་གྱིས་ཀྱང་ཁས་ལེན་མི་སྲིད།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་གཏོད་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ། མི་དམངས་ཀྱི་ཐོག་མའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་བཅས་ཀྱི་ཐོག་ནས། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བར་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་ཡར་རྒྱས་ཡོང་བ་བྱེད་དགོས།

    ——ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པར་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། མར་ཁེ་སི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་མཛུབ་ཁྲིད་བསམ་བློ་དང་། རང་རེའི་ཏང་གི་བླ་སྲོག་དང་དར་ཆ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་མཐའ་འཁྱོངས་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་དོན་དངོས་ནས་འགོ་འཛུགས་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས། ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན། དཀའ་ཚེགས་ཆེན་པོས་འཚོལ་ཞིབ་བཅས་བྱས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་ཀྲུང་གོ་མི་དམངས་ཀྱིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཟམ་མི་ཆད་པར་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཡང་དག་པས་རེད།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ། མར་ཁེ་སི་རིང་ལུགས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱས་ནས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་མུ་མཐུད་འཕེལ་རྒྱས་གཏོང་དགོས།

    ——ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། རང་ཉིད་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་ནི་ཏང་གི་རིགས་པའི་གཞུང་ལུགས་ཡོངས་རྫོགས་དང་ལག་ལེན་གྱི་གཞི་ཚུགས་ས་ཡིན་ལ། ཏང་གིས་ལོ་ངོ་བརྒྱའི་རིང་འབད་འཐབ་བྱས་པར་ཐོབ་པའི་ལོ་རྒྱུས་ཀྱི་ཆོད་སྡོམ་དེ་བས་ཀྱང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དཀའ་བ་གྲངས་མེད་སྤྱད་པ་དང་བློས་གཏོང་ཆེན་པོ་བྱས་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་ཤིག་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡང་དག་འགྲོ་ལམ་ཞིག་རེད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་ཀྱི་དཔལ་ཡོན་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགྲོ་ལམ་གསར་པ་བཏོད་པ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་ཡོད།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་རང་ཚུགས་རང་འཕེལ་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་བྱེད་པ། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་མ་ལག་མཐའ་འཁྱོངས། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་མཐའ་འཁྱོངས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བཅས་བྱས་ནས་མི་དམངས་འབྱོར་ཕྱུག་ལྡན་པ་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ། ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས།

    ཀྲུང་ཧྭ་མི་རིགས་ལ་ལོ་ངོ་5000ལྷག་ཙམ་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཆགས་པའི་འོད་སྟོང་འཕྲོ་བའི་ཤེས་དཔལ་ལྡན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ལ་ལོ་ངོ་བརྒྱའི་འབད་འཐབ་ཀྱི་ལག་ལེན་དང་ལོ་ངོ་70ལྷག་ཙམ་གྱི་སྲིད་སྐྱོང་རྒྱལ་དར་གྱི་ཉམས་མྱོང་ལྡན་ཡོད། ང་ཚོས་མིའི་རིགས་ཀྱི་ཤེས་དཔལ་གྱི་ཕན་ཡོད་གྲུབ་འབྲས་མཐའ་དག་སློབ་སྦྱོང་དང་དཔྱད་གཞིར་ཧུར་ཐག་བཟུང་ནས་དགེ་མཚན་ལྡན་པའི་གྲོས་འགོ་དང་། སེམས་བཟང་གི་སྐྱོན་བརྗོད་སྣ་ཚོགས་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང“བྱིས་པར་ཀ་ཁ་སློབ་པ”ལྟར་གྱི་རྫིག་ཉམས་དོད་པའི་བསླབ་འདོམས་མཐའ་དག་ང་ཚོས་དང་ལེན་གཏན་ནས་བྱེད་ཀྱི་མིན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱིས་བདམས་པའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་སྟངས་འཛིན་ནན་པོ་ཐུབ་པ་བྱ་རྒྱུ་ཡིན།

    ——ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པར་ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དགོས་ན་ངེས་པར་དུ་དམག་དཔུང་སྟོབས་དང་ལྡན་དགོས། དམག་དཔུང་སྟོབས་དང་ལྡན་ན་གཞི་ནས་རྒྱལ་ཁབ་བདེ་ལ་འཁོད་ཐུབ། ཏང་གིས་དམག་དཔུང་ལ་བཀོད་འདོམས་བྱེད་པ་དང་རང་ཉིད་ཀྱི་མི་དམངས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ནི། ཏང་གིས་ཁྲག་དང་མེ་ལྕེའི་འཐབ་རྩོད་ནང་ནས་ཐོབ་པའི་གཞོམ་ཞིག་མེད་པའི་བདེན་དོན་ཉག་ཅིག་རེད། མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ལ་ཉམས་པ་མེད་པའི་མཛད་རྗེས་བཞག་པ་ནི་གསར་བརྗེའི་རྒྱལ་སྲིད་སྲུང་སྐྱོང་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པའི་འགྱུར་མེད་ཀྱི་ཀ་གདན་ཞིག་རེད་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་རེད།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་ལེན་བསྟར་བ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་བཞིན་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲར་གཏོད་པ་བཅས་བྱས་ཏེ། དེ་བས་ཆེ་བའི་འཇོན་ཐང་དང་དེ་བས་བློས་འགེལ་ཆོག་པའི་བྱ་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་དགོས།

    ——ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པར་ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཞི་བདེ་དང་། འཆམ་མཐུན། ཞི་མཐུན་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་5000ལྷག་ཙམ་རིང་བརྩོན་ལེན་དང་རྒྱུན་འཛིན་བྱས་པའི་འདུ་ཤེས་ཤིག་རེད། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ནང་གཞན་ལ་བཙན་འཛུལ་དང་བཙན་པོ་དབང་ཡོད་ཤོད་པའི་གཞི་རྒྱུ་མེད། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱས་ནས་འཛམ་གླིང་ཐོག་གི་ཡར་ཐོན་སྟོབས་ཤུགས་མཐའ་དག་དང་མཉམ་དུ་མདུན་སྐྱོད་བྱས་ཡོད། ཀྲུང་གོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་གཏོད་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་མཁན་བཅས་ཡིན།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རང་ཚུགས་རང་བདག་དང་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་སྐྲུན་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་དམངས་ཚང་མ་དང་མཉམ་དུ་མུ་མཐུད་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། མཉམ་ལས་མཐའ་འཁྱོངས་བྱེད་པ་ལས་ཁ་གཏད་དུ་མི་ལངས་བ་དང་། སྒོ་དབྱེ་མཐའ་འཁྱོངས་བྱེད་པ་ལས་བཀག་སྡོམ་མི་བྱེད་པ། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱེད་པ་ལས་རྒྱལ་ཕམ་འགྲན་རྩོད་མི་བྱེད་པ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ནས་ལོ་རྒྱུས་ཀྱི་འཁོར་ལོ་འོད་སྟོང་འཕྲོ་བའི་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

    ཀྲུང་གོ་མི་དམངས་ནི་དྲང་བདེན་གོང་དུ་བཀུར་བ་དང་བཙན་ཤུགས་ལ་མི་སྐྲག་པའི་མི་དམངས་ཡིན་པ་དང་ཀྲུང་ཧྭ་མི་རིགས་ནི་མི་རིགས་ཀྱི་སྤོབས་སེམས་དང་སེམས་ཤུགས་ཆེན་པོ་ལྡན་པའི་མི་རིགས་ཤིག་ཡིན། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་གཞན་དག་གི་མི་དམངས་ལ་བརྙས་བཅོས་དང་། གཉའ་གནོན། བྲན་བཀོལ་བཅས་རྩ་བ་ནས་བྱེད་མྱོང་མེད། དེ་སྔ་བྱེད་མྱོང་མེད་པ་དང་། ད་ལྟའང་བྱེད་ཀྱི་མེད་ལ། ཕྱིས་འབྱུང་དེ་བས་ཀྱང་བྱེད་མི་སྲིད། དུས་མཚུངས་སུ་ཀྲུང་གོའི་མི་དམངས་ཀྱིས་ཀྱང་ཕྱི་ཕྱོགས་ཀྱི་ཕྱོགས་གཏོགས་གང་རུང་ཞིག་གིས་ང་ཚོར་བརྙས་བཅོས་དང་། གཉའ་གནོན། བྲན་བཀོལ་བཅས་རྩ་བ་ནས་བྱེད་དུ་འཇུག་མི་སྲིད། དེ་ལས་ལྡོག་ཚེ་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་ཤ་རུས་ལས་གྲུབ་པའི་ཟངས་གྱང་ལྕགས་རྩིག་གི་ལྕགས་རི་རིང་པོའི་མདུན་དུ་མགོ་རྡོལ་ཁྲག་ཤོར་ཡོང་བར་ཐེ་ཚོམ་མེད།

    ——ལོ་རྒྱུས་དཔྱད་གཞིར་འཛིན་ནས་འབྱུང་འགྱུར་གཏོད་པར་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྲན་ཟླ་བྲལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་དེ་རེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་སྙིང་རུས་ཆེན་པོས་འབད་བརྩོན་དང་འབད་འཐབ་ལྷོད་མེད་བྱེད་དགོས། ད་ཆ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་དེ་བས་ཉེ་རུ་སོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ནུས་པ་དེ་བས་ལྡན་པ་དང་དུས་མཚུངས་དེ་བས་དཀའ་ཚེགས་ཆེ་བའི་འབད་བརྩོན་ཧུར་ཐག་བྱ་རྒྱུའི་གྲ་སྒྲིག་ངེས་པར་དུ་བྱེད་དགོས།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་བདེ་སྡོད་ཉེན་བསམ་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོར་སྤྱི་འདོམས་བྱེད་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལས་བྱུང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ། རི་འཕྲད་ལམ་བཟོ་དང་ཆུ་འཕྲད་ཟམ་བསྐྲུན་བྱེད་པ་བཅས་ཀྱི་ཐོག་ནས་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཕོད་པ་བྱེད་དགོས།

    ——ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པར་ངེས་པར་དུ་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་རྒྱག་དགོས། ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དེ་གནས་བབ་གལ་ཆེན་དུ་བཞག་ནས་ཆེས་རྒྱ་ཆེ་ཤོས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། སྐོང་འཐེན་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐོང་འཐེན་བྱེད་པ་བཅས་ཀྱི་ཐོག་ནས་ཐུན་མོང་འབད་འཐབ་ཀྱི་སྟོབས་ཤུགས་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་གཅིག་ཏུ་བསྒྲིལ་ཡོད། རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚང་མར་མཐུན་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་མཆོག་ནོར་གལ་ཆེན་ཞིག་རེད།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེ་མོ་མཐའ་འཁྱོངས་བྱེད་པ་དང་གཅིག་མཐུན་རང་བཞིན་དང་ཕྱོགས་མང་རང་བཞིན་གཅིག་གྱུར་མཐའ་འཁྱོངས་བྱས་ནས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྡུད་རྒྱ་ཁྱབ་བྱེད་པ། གནམ་འོག་གི་ཤེས་ལྡན་པ་གཅིག་སྡུད་བྱེད་པ། མཐུན་ཆ་ཆེ་ཤོས་འཚོལ་ཞིབ་ཀྱིས་ཀུན་སེམས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚང་མས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པའི་གསོན་ཉམས་དོད་པའི་རྣམ་པ་ཆགས་པ་བྱས་ཏེ་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    ——ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པར་ངེས་པར་དུ་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་དང་སྲིད་ཏང་གཞན་དག་མི་འདྲ་བའི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་རེད། རང་རེའི་ཏང་གིས་ལོ་ངོ་བརྒྱའི་འཐབ་རྩོད་ཁྲོད་དཀའ་བ་གྲངས་མེད་སྤྱད་པས་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་ཆགས་ཡོད། དེའི་རྒྱུ་རྐྱེན་གལ་ཆེ་ཤོས་ཤིག་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་ཀྱི་དུས་མཚམས་ཁག་ཏུ་རང་ངོས་ལ་འཕྲད་པའི་ཉེན་ཁ་དང་ཚོད་བགམ་ལ་ཁ་གཏད་ཡག་པོ་ཟམ་མི་ཆད་པར་གཅོག་པ་དང་འཛམ་གླིང་གི་དུས་བབ་ལ་འཕོ་འགྱུར་གཏིང་ཟབ་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དེ་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་བློ་གཏད་བཅོལ་སར་འགྱུར་བར་བྱས་པ་དེ་རེད།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ང་ཚོས་ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་པོ་དགོས་པའི་གནས་ལུགས་བློ་ལ་བརྟན་པོར་ངེས་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཤུགས་ཆེར་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་གྱི་འདུ་འགོད་གསར་པར་མུ་མཐུད་སྐུལ་འདེད་གཏོང་བ། ཏང་གི་རྩ་འཛུགས་མ་ལག་ཟམ་མི་ཆད་པར་དམ་ནན་དུ་གཏོང་བ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་བ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་མཐའ་གཅིག་ཏུ་སེལ་བ། ཏང་གི་སྐྱོན་བྲལ་སྒྲིག་གཞིར་བསླད་སྐྱོན་གཏོང་བའི་ནད་དུག་མཐའ་དག་མཐའ་གཅིག་ཏུ་སེལ་བ་བཅས་བྱས་ནས། ཏང་གི་ངོ་བོ་མི་འགྱུར་བ་དང་། ཚོས་གཞི་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་བྱེད་པ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ནང་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་འགྱུར་བའི་འགན་ལེན་བྱེད་དགོས།

    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

    ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ”བཅས་ཀྱི་ཚད་མཐོའི་རང་སྐྱོང་གི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་གནད་ལ་འཁེལ་པོ་བྱས་ནས་ཀྲུང་དབྱང་གིས་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་ལམ་ལུགས་དང་ལག་བསྟར་གྱི་ལམ་སྲོལ་དོན་འཁྱོལ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་དུས་བབ་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས།

    ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུན་སྲིང་ལྷོད་མེད་ངང་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་དང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་རེ་འདུན་རེད། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་གི་ངོས་འཛིན”མཐའ་འཁྱོངས་བྱས་ནས་མེས་རྒྱལ་ཞི་བདེའི་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་སྤུན་ཟླ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མདུན་སྐྱོད་ཀྱིས“ཐའེ་དབན་རང་བཙན”གྱི་ལྐོག་གཡོ་མཐའ་དག་ཐལ་བའི་རྡུལ་དུ་མཐའ་གཅིག་ཏུ་བརླགས་ནས་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས། མི་སུ་འདྲ་ཞིག་ཡིན་རུང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་མི་དམངས་ཀྱི་སྲ་ཞིང་བརྟན་པའི་ཆོད་སེམས་དང་། འགྱུར་བ་མེད་པའི་སྙིང་སྟོབས། ནུས་པ་ཆེན་པོ་བཅས་ལ་སྣང་ཆུང་གཏན་ནས་བྱ་མི་རུང་།

    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

    འབྱུང་འགྱུར་གཞོན་ནུར་དབང་བ་དང་རེ་བ་ཚང་མ་གཞོན་ནུར་བཅོལ་ཡོད། ལོ་ངོ་བརྒྱ་ཡི་གོང་། གཞོན་ནུ་གསར་པ་ཚོ་ཞིག་གིས་མར་ཁེ་སི་རིང་ལུགས་ཀྱི་དགོངས་པའི་དཔལ་འབར་མཐོན་པོར་བཏེགས་ནས་དུས་བབ་རབ་རིབ་ཀྱི་ཀྲུང་གོར་དཀའ་ངལ་མཐའ་དག་ཁྱད་བསད་ཀྱིས་མི་རིགས་བསྐྱར་དར་གྱི་མདུན་ལམ་འཚོལ་ཞིབ་བྱས་ཡོད། ལོ་ངོ་བརྒྱ་ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་དར་ཆའི་འོག་ཀྲུང་གོའི་གཞོན་ནུ་མི་རབས་མང་པོས་ལང་ཚོའི་འབད་འཐབ་ཏང་དང་མི་དམངས་ཀྱི་བྱ་གཞག་དང་མཉམ་འདྲེས་བྱས་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་གྱུར་ཡོད། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་རང་འཁྲིའི་ལས་འགན་ལ་བརྩིས་ནས་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཆེ་རུ་གཏོང་བ་དང་དུས་རབས་དང་ལང་ཚོ་ཏང་དང་མི་དམངས་ཀྱི་རེ་བ་ཟབ་མོ་བཅས་ཆུད་ཟོས་སུ་གཏོང་མི་རུང་།

    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

    ལོ་ངོ་བརྒྱའི་གོང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་པའི་སྐབས་ཏང་ཡོན་50ལྷག་ཙམ་ལས་མེད། ད་ཆ་ཏང་ཡོན་ཁྲི་9500ལྷག་ཙམ་ཡོད་པ་དང་། མི་འབོར་དུང་ཕྱུར་14ལྷག་ཙམ་ཟིན་པའི་རྒྱལ་ཁབ་ཆེན་པོར་འགོ་ཁྲིད་བྱེད་བཞིན་ཡོད་པས། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་པའི་འཛམ་གླིང་གི་སྲིད་སྐྱོང་ཏང་ཆེན་པོ་ཨང་དང་པོར་གྱུར་ཡོད།

    ལོ་ངོ་བརྒྱའི་གོང་། འཛམ་གླིང་གི་མདུན་དུ་མངོན་པའི་ཀྲུང་ཧྭ་མི་རིགས་ནི་ཉམས་རྒུད་དུ་སོང་བའི་རྣམ་པ་ཞིག་རེད། ད་ཆ་འཛམ་གླིང་གི་མདུན་དུ་མངོན་པའི་ཀྲུང་ཧྭ་མི་རིགས་ནི་ཡར་ངོའི་ཟླ་ལྟར་དར་རྒྱས་གོང་འཕེལ་འགྲོ་བཞིན་པའི་རྣམ་པ་ཞིག་ཡིན་པས། འགོག་ཐབས་བྲལ་བའི་གོམ་སྟབས་བརྟན་པོའི་ཐོག་ནས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད།

    འདས་ཟིན་པའི་ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་ཕུལ་ཡོད། ད་ཆ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་འབུལ་གྱི་ལམ་བུ་གསར་པར་སླར་ཡང་སྐྱོད་འགོ་ཚུགས་ཡོད།

    ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་ལ། ཏང་ཀྲུང་དབྱང་གིས་ཁྱེད་ཚོར་འབོད་སྐུལ་བྱ་རྒྱུར་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ། མི་དམངས་མང་ཚོགས་དང་ཤ་རུས་འདྲེས་པའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ། སྐྱིད་སྡུག་མཉམ་མྱོང་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱ་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱས་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས།

    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

    ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལས་ལ་གཞོལ་བའི་ལོ་ངོ་བརྒྱ་ནི་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པ་ཞིག་རེད། འདས་དོན་ལ་ཕྱིར་དྲན་དང་མ་འོངས་ལ་རྒྱང་ལྟ་བྱེད་སྐབས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་དམ་ཟབ་ཡོད་པས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་དམིགས་ཚད་སྒྲུབ་ཐུབ་ངེས་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད།

    རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག

    རླབས་ཆེན་དང་། གཟི་བརྗིད། དཔའ་བོ་བཅས་ཀྱི་ཀྲུང་གོ་མི་དམངས་ཁྲི་ལོར་བརྟན་པར་ཤོག

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།