ཚེས་1ཉིན་གྱི་སྔ་དྲོ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཏང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་ང་ཚོར་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ་དང་། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱུང་བ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱུང་བ། བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པ་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་ཅེས་གཟི་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སར་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་ལ་ལྷན་དུ་གཟིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནན་ཏན་ངང་གསན་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་ལ་ལྷན་དུ་གཟིགས་རྗེས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ། “དོན་ཆེན་བཞི”དམ་འཛིན་ཡག་པོ་བྱེད་པ།“འགན་ལེན་བཞི”མངོན་འགྱུར་ཡོང་བར་བྱེད་པ། དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཀྲང་ཞུའེ་ཅེ་དང་། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་ཀྱིས་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་ལ་ལྷན་དུ་གཟིགས་པ་རེད།
ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོས་བདེན་དོན་མཐའ་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་འཁུར་བ། རང་སྲོག་བློས་གཏོང་ལ་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བཅས་བྱས་ནས། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་གཏོད་པ་དང་། ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་བཏོད་དེ་བློ་གྲོས་དང་སྟོབས་ཤུགས་དེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་རྒྱུའི་ཐད་གཅིག་ཏུ་བསྒྲིལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་དགོས།