ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུས་བཞི་བཀྲ་ཤིས་གྲོང་ཚོར་གནས་སྤོས་ཐབ་གསོལ་གཏོང་བཞིན་པ།
པེ་ཅིང་གིས་རོགས་སྐྲུན་བྱས་པའི་ལྷ་སའི་མཚོན་རྟགས་གསར་པ“བྱེའུ་ཚང་ཆུང་བ”
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས“ནམ་ཡང་ཏང་གི་རྗེས་སུ་འབྲང”ཞེས་པའི་བརྗོད་དོན་གཙོ་བོའི་མང་ཚོགས་ཀྱི་བྱེད་སྒོ་སྤེལ་བཞིན་པ།
གོང་འཕེལ་འགྲོ་བཞིན་པའི་ལྷ་ས་གྲོང་ཁྱེར་ནུབ་འདབས་ཀྱི་རྣམ་པ།
ལྷ་ས་གྲོང་ཁྱེར་གྱི་རྣམ་པ་གསར་པ།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་བསྟུན་ནས། ལྷ་ས་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་ཡོད།
ལོ་ངོ་70ཡི་རིང་། ཏང་རྩ་འཛུགས་ཀྱིས་མེད་པ་ནས་ཡོད་པའི་བར་དང་། ཉུང་བ་ནས་མང་བའི་བར། ཉིན་བཞིན་རྒྱ་སྟོབས་ཆེ་རུ་ཕྱིན་པ་བཅས་ཀྱི་བརྒྱུད་རིམ་བརྒྱུད་དེ་ད་ཆ་གཞི་རིམ་ཏང་རྩ་འཛུགས་3605ཡོད་པ་དེ་དག་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་དང་། གྲོང་ཁྱེར་གྱི་སྡེ་ཁུལ། ལས་ཁུངས། སློབ་གྲྭ གཞུང་ཁོངས་ཁེ་ལས་སོགས་ལ་ཁྱབ་ཡོད། གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་0.25ནས་2020ལོའི་སྒོར་དུང་ཕྱུར་678.16བར་མཆོང་སྐྱོད་བྱུང་ཡོད།
བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ལྷ་སར་དེང་རབས་ཅན་གྱི་སྐྲུན་དངོས་གཅིག་ཀྱང་མེད་པ་དང་། གཞུང་ལམ་གཅིག་ཀྱང་མེད་པ། གྲོང་ཁྱེར་གྱི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་3ཡང་ཟིན་གྱི་མེད། ལོ་ངོ་70ཡི་རིང་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལྗོངས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པས་ལྷ་སར་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཞིག་ཆགས་པ་དང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་ཁྱེར་སྐོར་བའི་མ་ལམ་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་དང་། མྱུར་བགྲོད་གཞུང་ལམ་ལྷོ་ཁ་དང་ཉིང་ཁྲིར་འབྲེལ་མཐུད་ཐུབ་པ། ལྕགས་ལམ་གཞིས་རྩེར་ཤར་གཏོང་ཐུབ་པ་དང་སྦྲགས་ཉིང་ཁྲིར་ཤར་གཏོང་ཐུབ་ཉེར་ཡོད་པ། མཁའ་ལམ་109བར་མང་དུ་ཕྱིན་པ། མཁའ་ལམ་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་62ལ་ཤར་གཏོང་ཐུབ་པ་བཅས་བྱུང་ནས་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་5400ལྷག་ཙམ་ཟིན་པ་དང་། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ། འགྲུལ་སྐྱེལ་རླངས་འཁོར་ཁྱོན་ཡོངས་ལ་ཁྱབ་སྟེ་མི་དང་རྟའི་སྒལ་པར་ཁུར་བ་ནས་མཁའ་ལམ་ཤར་གཏོང་ཐུབ་པའི་བར་གྱི་དུས་དང་བར་མཐོངས་ཀྱི་འགྱུར་ལྡོག་བྱུང་ཡོད།
ལོ་ངོ་70ཡི་རིང་། ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་0.25ནས་2020ལོའི་སྒོར་དུང་ཕྱུར་678.16བར་མཆོང་སྐྱོད་བྱུང་ཡོད། ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་འཕར་ཐང་1951ལོའི་སྒོར་དུང་ཕྱུར་0.23དང་། སྒོར་དུང་ཕྱུར་0.0006 སྒོར་དུང་ཕྱུར་0.018བཅས་ནས་2020ལོའི་སྒོར་དུང་ཕྱུར་22.45དང་། སྒོར་དུང་ཕྱུར་290.44 སྒོར་དུང་ཕྱུར་365.27བཅས་བར་འཕར་བ་དང་། ཐོན་ལས་གྲུབ་ཆ་ཁག་གསུམ་1951ལོའི“གཅིག་གསུམ་གཉིས”ནས“གསུམ་གཉིས་གཅིག”བར་འགྱུར་ལྡོག་བྱུང་བ། ཐོན་ལས་གསུམ་པ་1978ལོ་ནས་བཟུང་ལོར་ཆ་སྙོམས་14.5%འཕར་ཡོད་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷ་སས་མི་ཁྲི་2.2ལྷག་ཙམ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལེགས་སྒྲུབ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་བཏང་ནས་འབྱོར་འབྲིང་བདེ་སྡོད་ལས་གྲྭ་དང་ཁུལ་ཆུང་རྙིང་གྲས་སྒྱུར་བཀོད་བྱས་པས་མི་དམངས་མང་ཚོགས་རྒྱ་ཆེ་ལ་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་འཚོ་བའི་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་ཡོད། གྲོང་ཁྱེར་ཡོངས་སུ་ད་ཆ་སློབ་གྲྭ་སྣ་ཚོགས་373ཡོད་པས་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་99.03%ཟིན་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་1997ལོའི་ཟླ་རེའི་མི་རེའི་ཆ་སྙོམས་ཚད་གཞི་སྒོར་130ནས་ད་ཆའི་སྒོར་974བར་སྤར་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་2007ལོའི་ལོ་རེའི་མི་རེའི་ཆ་སྙོམས་ཚད་གཞི་སྒོར་800ནས་ད་ཆའི་སྒོར་5060བར་སྤར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་2014ལོའི་ཟླ་རེའི་མི་རེའི་ཆ་སྙོམས་སྒོར་120ནས་ད་ཆའི་སྒོར་205བར་སྤར་བ། ཁེ་ལས་ཀྱི་ལས་བཟོའི་རྒན་ཡོལ་ཞུས་མཁན་གྱི་ཟླ་རེའི་མི་རེའི་ཆ་སྙོམས་རྒན་གསོའི་དངུལ་2010ལོའི་སྒོར་2016ནས་ད་ལྟའི་སྒོར་4355བར་སྤར་བ་བཅས་རེད།
ལྷ་སར་ད་ཆ་སྐྱོར་མོ་ལུང་གི་ལྷ་མོ་དང་། ལྷ་སའི་ནང་མ། ཞོ་སྟོན་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་167དང་རིམ་ཁག་མཚོན་བྱེད་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་221ཡོད། ལྷ་སའི་རྫོང(ཆུས)ཚང་མར་རང་ཉིད་ཀྱི་སྒྱུ་རྩལ་ཚོགས་པ་བཙུགས་པ་དང་། སྲིད་འཛིན་གྲོང་ཚོ་ཚང་མར་རང་ཉིད་ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་ཡོད་པ། རིམ་ཁག་རིག་གནས་ཁང(ས་ཚིགས)75དང་རྟེན་རྫས་བཤམས་མཛོད་ཁང་6བཙུགས་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། ད་ཆ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་18དང་། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་108 གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་263 སྤོ་མི་རུང་བའི་རིག་དངོས་ས་ཚིགས་934བཅས་ཡོད་པ་མ་ཟད། ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། ནོར་བུ་གླིང་ཁ་བཅས་ཀྱང་འཛམ་གླིང་གི་རིག་གནས་ཤུལ་བཞག་ནང་བཅུག་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྷ་སས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། ས་གཙང་བདེ་ཐང་ཐོན་ལས་དང་། རིག་གནས་ཡུལ་སྐོར་ཐོན་ལས། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་གཞིའི་ཐོན་ལས་བཅས“ཐོན་ལས་ཆེན་པོ་ལྔ”འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཚན་རིག་དང་མཐུན་ལ་གནད་སྨིན་ཇུས་བསྟར་བྱེད་པ། ལས་ཞུགས་རྣམ་པ་བརྟན་ཐོག་ལེགས་འཕེལ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བ། དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་ཡག་པོ་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།