འགྱུར་མེད་ཏང་གི་འགོ་ཁྲིད་བླ་ན་འཕགས། འཇུངས་མེད་བོད་སྐྱོར་མཛད་ཇུས་རྨད་དུ་བྱུང་།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཤ་གསར་ཟུར་སྡེ་ཁུལ་གྱིས“ང་དང་རྒྱལ་དར་མཉམ་དུ་འདྲ་པར་ལེན”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བཞིན་པ།
སྣང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་བསྟར་དང་བླངས་ཞབས་ཞུའི་རུ་ཁག་གིས་དུང་དཀར་གྲོང་རྡལ་དམ་གྲོང་ཚོའི་གྲོང་མིར་ཞིང་ལས་བྱེད་རོགས་བྱེད་བཞིན་པ།
ཚོགས་སྒྲིག་རྣམ་པའི་སྨན་བཅོས་ཞབས་ཞུའི་རུ་ཁག་གིས་མང་ཚོགས་ལ་རིན་མེད་ནད་གཞི་ལྟ་བཞིན་པ།
གཞིས་རྩེ་གྲོང་ཁྱེར་སྟག་སྣ་གྲོང་ཚོའི་ཏང་ཡོན་གྱིས་ཞིང་པར་སྟོན་ལས་བྱེད་རོགས་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའི་ཏང་ཡོན་ལས་བྱེད་པས་ཁེ་གསུམ་གྲོང་ཚོའི་ལོ་རྒྱུས་བཤམས་མཛོད་ཁང་དུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་བཞིན་པ།
ཀྲུང་ལི་ཚོགས་པས་སྐྲུན་རོགས་བྱས་པའི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གི་འོད་ཤུགས་ཞིང་རར་ལག་རྩལ་མི་སྣས་སྦས་སྣ་གྲོང་ཚོའི་མང་ཚོགས་ལ་འདེབས་འཛུགས་ལག་རྩལ་སློབ་བཞིན་པ།
ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་ཝུའེ་དབྱི་ཝུན་དང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སློབ་ཆུང་གི་སློབ་མ་ཚོ་མཉམ་དུ་ཡོད་པ།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་ལོ་བརྒྱ་ཕྲག་གམ་ཐ་ན་ལོ་སྟོང་ཕྲག་ཁ་ཤས་བརྒྱུད་དགོས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་བརྒྱུད་ཟིན་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་བརྗིད་ཆགས་ཉམས་དགའི་ལེའུ་བརྩམས་ཡོད། ད་ཆ་བོད་དུ་དཔལ་འབྱོར་འཕེལ་རྒྱས་དང་། ཆབ་སྲིད་ཡར་ཐོན། རིག་གནས་དར་རྒྱས། སྤྱི་ཚོགས་ཞི་མཐུན་། སྐྱེ་ཁམས་ལེགས་པོ། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་མངོན་འགྱུར་བྱུང་ཡོད།
ལོ་ངོ་70ཡི་རིང་བོད་ཀྱིས་ཏང་རྩ་འཛུགས་མེད་པ་ནས་ཡོད་པའི་བར་དང་། ཉུང་བ་ནས་མང་བའི་བར། ཉིན་རེ་བཞིན་སྟོབས་ཆེ་རུ་སོང་བའི་བར་གྱི་འཕེལ་རིམ་བརྒྱུད་ཡོད། བོད་ཀྱི་ཏང་ཡོན་དཔུང་ཁག་ཀྱང་སྟོབས་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་ཕྱིན་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བར་སྦྱོང་བརྡར་ཐེབས་ཡོད། 1952ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་ལས་ཁུངས་ཏང་ཀྲི་པུའུ་57དང་ཏང་ཡོན་877ལས་མེད། 1956ལོའི་ཟླ་4པར་གྲ་སྒྲིག་ཨུ་ལྷན་གྱི་ལས་ཀའི་སྒྲིག་གཞི་དང་ས་ཁུལ་དང་རྫོང་ཁོངས་གཏོགས་ལས་ཁུངས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པ་དང་བསྟུན་ནས་ས་ཁུལ་ཁག་གིས་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་འབོར་ཆེན་ལས་ཀར་བསྡུས་པ་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་འཕེལ་རྒྱས་བཏང་ཡོད། 1958ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་གཞི་རིམ་གྱི་ཏང་རྩ་འཛུགས་200ལྷག་ཙམ་དང་ཏང་ཡོན་4186ཡོད་ཅིང་། དེའི་ནང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་484དང་ཞིང་འབྲོག་པ་ཏང་ཡོན་52ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་རང་འགུལ་ངང་ལག་ལེན་བསྟར་ཏེ་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་པ། སྒྲིག་འཛུགས་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་བ། ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་པ། ཏང་གི་རྩ་འཛུགས་དང་ལས་དོན་འགག་སྒྲོལ་ལ་ཁྱབ་པའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་པ། གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཧུར་ཐག་བཏོད་པ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་ཧུར་ཐག་བྱས་པ། “ཐུན་མོང་ལྔ་དང་བརྟན་པོ་ལྔ”གཙོ་བོར་བྱས་པའི་མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་ཁྱམས་རིང་མོའི་ལས་གྲྭ་ཁྱབ་གདལ་དང་ལག་བསྟར་བྱས་པ། ཏང་རྩ་འཛུགས་སྟོབས་ཆེར་སྐྲུན་པའི་མ་ལག་ཚགས་དམ་དུ་བཏང་བ། ལྗོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་ཞིག་ཏུ་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག་ལ་བསྐྲུན་པ། མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པར་འགྱུར་བ་བཅས་བྱས་ཡོད། ཏང་གཤིས་སློབ་གསོ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཏང་ཡོན་འཕེལ་རྒྱས་དང་སློབ་གསོ་དོ་དམ་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ལྗོངས་ཡོངས་ཀྱི་ཏང་ཡོན་དཔུང་ཁག་ཟམ་མི་ཆད་པར་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་། གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ། སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བཅས་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་ཁྱོན་བསྡོམས་གཞི་རིམ་ཏང་རྩ་འཛུགས་ཁྲི་2.2དང་ཏང་ཡོན་ཁྲི་42.6ལྷག་ཙམ(དེའི་ནང་ཞིང་འབྲོག་པ་ཏང་ཡོན་ཁྲི་20.2ལྷག་ཙམ་ཚུད་ཡོད)ཡོད་པ་དེ་དག་ནི་1952ལོའི་ལྡབ་386དང་ལྡབ་485.7ཡིན་པས། ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད།
ལོ་ངོ་70ཡི་རིང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད། རྣམ་གྲངས་འཛུགས་སྐྲུན་ཚ་ཚ་འུར་འུར་བྱེད་པ་དང་། དམངས་འཚོའི་འདུ་འགོད་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། གྲོང་ཁྱེར་གྱི་རྣམ་པར་ཉིན་བཞིན་འགྱུར་ལྡོག་བྱུང་བ། མི་སེར་གྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་རིམ་བཞིན་འགྲོ་བ་སོགས་གངས་ལྗོངས་ས་མཐོར་མི་རིགས་ཁག་གི་བུ་ཕྲུག་ཚོས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།