ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གྱི་དགོང་མོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན《རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ》རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་བྱས་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ལྟད་མོ་བ་ཁྲི་2ཙམ་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100སོང་རིང་གི་ཟིལ་རླབས་དགུང་འཕྱུར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ལྷན་དུ་ཕྱིར་དྲན་གནང་བ་དང་། རླབས་ཆེན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་དུས་རབས་གསར་པར་བསྐྱོད་པར་རྟེན་འབྲེལ་ཞུས་པ་རེད།
རྒྱལ་ཁབ་ལུས་རྩལ་ཐང་དུ་གློག་འོད་ཆེམ་ཆེམ་འཕྲོ་བཞིན་ཡོད་ཅིང་། གར་སྟེགས་དཀྱིལ་གྱི་བརྙན་ཤེལ་ཆེན་པོའི་ཐོག་གི་གསེར་འོད་ཆེམ་ཆེམ་འཕྲོ་བའི་ཏང་རྟགས་དེ་ཉིད་འཁྲབ་ཡོལ་དམར་པོའི་རྒྱན་སྤྲོས་འོག་དེ་བས་བཀྲག་མདངས་འཚེར་བ་དང་གཞོགས་གཉིས་སུ“1921ལོ”དང“2021ལོ”ཞེས་པའི་གསེར་མདོག་གི་ཡི་གེ་བྲིས་ཡོད།
གར་སྟེགས་མཐོ་ཤོས་སུ་གུས་ལུགས་མཚོན་པའི་དུང་གཏོང་མཁན་100གྲལ་སྟར་སྒྲིག་པོས་ལངས་ཡོད་པ་དང་། གཞོཌ་གཉིས་ཀྱི་སྐོར་བ་ཅན་གྱི་གར་སྟེགས་ཐོག་འཐབ་འཛིང་པ་ཚོ་ཀྲོང་ངེར་ལངས་ཡོད། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ན་གཞོན་ཚོ་ལག་ཏུ་མེ་ཏོག་དམར་པོ་ཁྱེར་ནས་གར་སྟེགས་དཀྱིལ་དུ་འདུས་ཡོད།
ཆུ་ཚོད་19དང་སྐར་མ་57ལ་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་ཚང་མར་ཕྱག་གཡུག་གཡུག་གནང་སྐབས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་གྲགས།
ད་ཐེངས་ཀྱི་འཁྲབ་སྟོན་དེ་ལོ་རྒྱུས་སྙན་ངག་གི་འཁྲབ་ཚན་རྣམ་པའི་ཐོག་ནས་འཁྲབ་སྟོན་བྱས་པ་དང་། ཁྱོན་ལེའུ་བཞིར་དབྱེ་ཡོད་པ་དང་སྒྱུ་རྩལ་གྱི་བྱེད་ཐབས་སྣ་མང་གཅིག་སྡུད་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ཡི་རིང་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བརྗིད་ཆེའི་རྣམ་པ་གསོན་ཉམས་དོད་པོས་མངོན་པར་བྱས་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་དེ་གོམ་ཞེང་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པར་སྤྲོ་སེམས་འཁོལ་པོས་བསྟོད་གླུ་ཕུལ་བ་རེད།
རིག་རྩལ་འཁྲབ་སྟོན་ཚར་རྗེས། ཚང་མ་ཡར་ལངས་ནས་མཉམ་དུ་སྐད་གསང་མཐོན་པོས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་གླུ་གཞས་བཏང་བ་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།
པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་རྒན་གྲས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་དོ་དམ་གྱི་དངུལ་རྩའི་སྒྲིག་གཞི་དང་། ཁེ་ལས། མཐོ་སློབ། ཚན་ཞིབ་སྒྲིག་གཞི་སོགས་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་གི་ཨུ་ཡོན་དང་། ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། སྤུན་ཟླ་ཤང་ཀང་བ་དང་། ཨའོ་མོན་བ། ཐའེ་དབན་བ་བཅས་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླ་བཅས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་གི་ཨུ་ཡོན། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ལྷན་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན། “མདེལ་གཉིས་དང་སྲུང་སྐར་གཅིག་གི་བྱས་རྗེས་གཟེངས་རྟགས”ཐོབ་མཁན། “རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དཔེ་བཟང”གི་གཟི་བརྗིད་མཚན་སྙན་ཐོབ་མཁན། “རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་གྱི་བྱ་དགའ”ཐོབ་མཁན། “འཇིག་རྟེན་འཕུར་སྐྱོད་ཀྱི་དཔའ་བོ”དང“དཔའ་བོའི་འཇིག་རྟེན་འཕུར་སྐྱོད་པའི”མཚན་སྙན་ཐོབ་མཁན། རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་བཟང་མི་སྣའི་འཐུས་མི། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བ་གཙོ་བོ། པེ་ཅིང་དུ་ཡོད་པའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ལོག་པའི་ཕུལ་བྱུང་ཤེས་ལྡན་པའི་འཐུས་མི། སྐུ་གཤེགས་པའི་བློ་མཐུན་རྒན་གྲས་ཁག་གཅིག་གི་ནང་མི། སྔོན་གཤེགས་དཔའ་བོ་དང་དེ་བཞིན་གཞུང་དོན་ཆེད་སྐུ་གཤེགས་པའི་མི་སྣའི་ནང་མི། “ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་དྲན་གསོའི་རྟགས་མ་ཐོབ་མཁན་གྱི་འཐུས་མི། 2021ལོར་གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་འཐུས་མི། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་འཐུས་མི། རྒྱལ་ཡོངས་ཀྱི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས་པ་རེད།