དབུ་ཤོག>ཆེད་སྒྲིག
  • རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་རང་སྲོག་བློས་བཏང་ནས་ཁུ་ཁུ་ཤིས་རི་བརྟན་སྲུང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅང་ཧྥུང་།   |     སྤེལ་དུས།  2021-06-30

    731457_yis_1624982400000_s.jpg

    འདི་ནི་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་གྲོང་དུ་བོད་བཟོའི་སྡོད་ཁང་ཞིག་གི་རྒྱལ་སྒོའི་ངོས་སུ“གཟི་བརྗིད་ལྡན་པའི་ཁྱིམ་ཚང”ཞེས་པའི་བྱང་བུ་ཞིག་བཀལ་ཡོད་པ་དེ་ནི་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་ཁྱིམ་རེད།

    1954ལོར་བསོད་ནམས་དར་རྒྱས་འབྲི་སྟོད་རྫོང་ཟོ་སྐྱ་ཤང་དུ་སྐྱེས། 1974ལོར་མཚོ་སྔོན་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་ཁོང་གིས་གྲོང་ཁྱེར་དུ་ལས་ཀ་བྱེད་པའི་གོ་སྐབས་བློས་བཏང་སྟེ། བློ་རྩ་བརྟན་པོས་འབྲི་སྟོད་རྩྭ་ཐང་དུ་ལོག་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུའི་གདམ་ག་བྱས། ཁོང་དགེ་རྒན་དང་སློབ་གསོའི་སྡེ་ཚན་དུ་ལས་ཀ་བྱེད་མྱོང་ལ། ཤང་དང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཡང་བྱེད་མྱོང་ཡོད། ཁོང་ནི་ཏང་གིས་གསོ་སྐྱོང་གནང་བའི་ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་ཞིག་རེད།

    འབྲི་སྟོད་རྫོང་གི་ནུབ་རྒྱུད་ནི་གནའ་སྔ་མོ་ནས་བཟུང་མི་མེད་ཁུལ་དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཡིན་པས་ཁུ་ཁུ་ཤིས་རི་ཞེས་པའི་མིང་སྙན་པོ་ཞིག་བཏགས་ཡོད། དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ་གཙོད་ཀྱི་ལྤགས་པས་བཟོས་པའི་སྟོད་ལྷེར་ཨེ་ཤེ་ཡའི་དབུས་རྒྱུད་དང་ཡོ་རོབ་དང་ཨ་མེ་རི་ཁ་བྱང་མ་སོགས་ཀྱི་ཁྲོམ་རར་ཨ་སྒོར་ཁྲི་5རི་བས། ཁྲིམས་འགལ་བ་མང་པོས་ཁུ་ཁུ་ཤིས་རིར་བསྐྱོད་དེ་གཙོད་ལྐོག་རྔོན་གྱི་ལས་ངན་མང་པོ་བརྩམས་ཡོད།

    1992ལོར་འབྲི་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་འཁུར་བཞིན་པའི་ལོ་38ལ་སླེབས་པའི་བསོད་ནམས་དར་རྒྱས་ཀྱིས་མདུན་ཕྱོགས་སུ་ཤོར་ནས་འབྲི་སྟོད་རྫོང་གི་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་མ་ཟད། ཁོང་རང་གིས་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར། ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པའི་ཉིན་དེ་ནས་བཟུང་དམིགས་བསལ་སྒྲིག་གཞི་དེའི་འགན་འཁྲི་ནི་ཁུ་ཁུ་ཤིས་རིར་སྲུང་སྐྱོང་བྱས་ནས་ལྐོག་རྔོན་ལ་འགོག་རྒོལ་བྱེད་རྒྱུ་དེ་རེད།

    ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་རྗེས་བསོད་ནམས་དར་རྒྱས་ཀྱིས་རུ་སྣེ་ཁྲིད་དེ་སྔ་རྗེས་སུ་མི་མེད་ཁུལ་དུ་ཐེངས་12བསྐྱོད་ནས་ཐང་སྟོང་དུ་སྐྱེ་ཁམས་བརྟག་དཔྱད་དང་དེ་བཞིན་གཙོད་སྲུང་སྐྱོང་གཙོ་བོར་བྱས་པའི་ཁོར་ཡུག་སྐྱེ་ཁམས་སྲུང་སྐྱོང་ལས་དོན་བསྒྲུབས་ཡོད། དེའི་རིང་ཁྲིམས་འགལ་ངང་མེ་མདའ་ཁྱེར་ནས་ལྐོག་རྔོན་རྒྱག་མཁན་ཚོགས་པ་8བཟུང་བས། ལྐོག་རྔོན་རྒྱག་མཁན་གྱི་ཧམ་ཤེད་ཟིལ་གྱིས་མནན་ཡོད།

    1994ལོའི་ཟླ་1ཚེས་18ཉིན། བསོད་ནམས་དར་རྒྱས་དང་རུ་མི་4ཡིས་ཁུ་ཁུ་ཤིས་རི་ནས་ལྐོག་རྔོན་རྒྱག་མཁན་20བཟུང་བ་དང་རླངས་འཁོར་7དང་གཙོད་ཀྱི་ལྤགས་པ་1800ལྷག་ཙམ་གཞུང་བཞེས་བཏང་ཡོད། མི་ངན་དེ་དག་ཉི་མ་མཚེའུའི་ཉེ་འཁོར་བརྒྱུད་དེ་བརྫངས་སྐྱེལ་བྱེད་སྐབས་ཁོང་ཚོར་འཇབ་རྒོལ་ཕོག བསོད་ནམས་དར་རྒྱས་ཀྱིས་གཙོད་སྲུང་སྐྱོང་བྱ་ཆེད་མི་མེད་ཁུལ་དུ་མེ་མདའ་འཁྱེར་བའི་ལྐོག་རྔོན་རྒྱག་མཁན་18དང་དམར་འཛིང་བྱས་མཐར་རྐྱེན་ལམ་དུ་ཤོར།

    བསོད་ནམས་དར་རྒྱས་རྐྱེན་ལམ་དུ་ཤོར་བས་སྤྱི་ཚོགས་ཡོངས་ཀྱིས་ཁུ་ཁུ་ཤིས་རི་སྲུང་སྐྱོང་ལ་དོ་ཁུར་དང་མཐོང་ཆེན་བྱེད་འགོ་ཚུགས།

    ཁུ་ནུ་རི་བོའི་ལ་ཉག་ཏུ་སྲིད་གཞུང་དང་སྤྱི་ཚོགས་ཕྱོགས་ཁག་གིས་དཔའ་བོ་ཁོང་ལ་དྲན་གསོའི་རྡོ་རིང་བཙུགས་པའི་མདུན་དུ་བོད་རིགས་མང་ཚོགས་ཚོས་མཇལ་དར་དང་། མཆོད་ཆང་། རྩམ་པ་སོགས་ཕུལ་ནས་བསོད་ནམས་དར་རྒྱས་ལ་དད་གུས་ཀྱི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད།

    བསོད་ནམས་དར་རྒྱས་ཀྱི་ཚ་བོ་ཆོས་འཕེལ་བཀྲ་ཤིས་ཀྱིས་རང་འགུལ་ངང་ཁོར་ཡུག་དཀའ་ཚེགས་ཆེ་ཤོས་ཀྱི་ཁུ་ཁུ་ཤིས་རི་ནགས་ཚལ་སྤྱི་བདེ་ཡན་ལག་ཅུས་ལ་འགྲོ་རྒྱུའི་རེ་བ་བཏོན་ནས་མི་མེད་ཁུལ་དུ་སྐོར་གཡེང་དང་སྦྲགས་གཙོད་སྲུང་སྐྱོང་བྱེད་བཞིན་ཡོད།

    ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བར་དང་འཛམ་གླིང་རང་བྱུང་ཤུལ་བཞག་ལ་རེ་ཞུ་བདེ་བླག་བྱུང་བའི་བར་གྱི་ལོ་ཉི་ཤུ་ལྷག་ཙམ་རིང་། མི་རབས་ནས་མི་རབས་བར་གྱི་སྲུང་སྐྱོང་བས་སྔོན་འགྱེལ་རྗེས་མཐུད་ཀྱིས་མེས་པོ་ཚོའི་དམར་འཛིང་གི་ཁྲག་དྲོན་བཞུར་མྱོང་བའི་ཡུལ་དེར་སྲུང་སྐྱོང་བྱེད་བཞིན་མཆིས།

    2018ལོར་བསོད་ནམས་དར་རྒྱས་ལ“སྒྱུར་བཅོས་ཀྱི་གདོང་ལེན་པ”ཡི་མཚན་སྙན་ཐོབ་པ་དང་། 2019ལོར“འབད་འཐབ་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།