དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-06-30

    731406_yis_1624982400000_s.jpg

    ཟླ་6ཚེས་29ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་གཟེངས་རྟགས་གནང་བ་དང་གསུང་བཤད་གལ་ཆེན་གནང་བ། 

    731404_yis_1624982400000_s.jpg

    ཟླ་6ཚེས་29ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་དང་ལྷན་བཞུགས་སྐུ་པར་བསྐྱོན་པ། 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་གཟེངས་རྟགས་གནང་བ་དང་གསུང་བཤད་གལ་ཆེན་གནང་བ་རེད། (གསུང་བཤད་ཆ་ཚང་པར་ངོས་གཉིས་པའི་ཐོག་བཀོད་ཡོད) ཞི་ཅིན་ཕིང་གིས་ལོ་བརྒྱ་ཡི་རིང་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ཆེད་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱ་ཆེད། སྔ་འཛིན་ཕྱི་གཏོད་དང་། ཁྲག་བཏོན་དམར་འཛིང་། དཀའ་སྤྱད་འབད་འཐབ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་བརྗིད་ཉམས་ལྡན་པའི་དཔའ་བོའི་བསྟོད་གླུ་བརྩམས་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། ང་ཚོས་དེ་གར་མཛད་སྒོ་གཟབ་རྒྱས་འཚོགས་ཏེ་ཏང་ནང་གི་གཟི་བརྗིད་མཚན་སྙན་མཐོ་ཤོས་དེ་ཏང་དང་མི་དམངས་ཆེད་ཁྱད་དུ་འཕགས་པའི་ལེགས་སྐྱེས་འབུལ་མཁན་གུང་ཁྲན་ཏང་ཡོན་ལ་སྤྲོད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཚང་མ་མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་རྩ་བ་ཚུགས་པ་དང་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་དཔའ་བོ་དཀྱུས་མ་ཤ་སྟག་ཡིན། ཁོང་ཚོའི་བྱས་རྗེས་སློབ་སྦྱོང་དང་ལག་བསྟར་བྱེད་རིན་ཡོད་པ་ཞིག་རེད་ལ། ཁོང་ཚོའི་སྙིང་སྟོབས་བརྩོན་ལེན་དང་ཁྱབ་གདལ་གཏོང་ཆོག་པ་ཞིག་ཀྱང་རེད། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་བརྟན་དུ་གཏོང་བ། སྙིང་རུས་དང་ངར་ཤུགས་འཕེལ་བ་བཅས་བྱས་ཏེ་ནམ་ཞག་རྒྱུན་དུ་མཐོང་ཐུབ་པ་དང་། འགག་རྩའི་སྐབས་སུ་དོན་ཐུབ་པ། ཉེན་ཁའི་སྐབས་སུ་བློས་གཏོང་ཐུབ་པ་བཅས་བྱས་ཚེ། ཏང་ཡོན་ཚང་མས་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ནང་ཏང་དང་མི་དམངས་ཆེད་བྱས་རྗེས་འཇོག་ཐུབ་ངེས་ཡིན་པ་ཁོང་ཚོའི་བྱ་སྤྱོད་ལས་ར་སྤྲོད་ཐུབ་པ་བྱས་ཡོད་ཅེས་གསུངས་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཕེབས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

    ཆུ་ཚོད་8དང་སྐར་མ་45ལ“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཚོ་མཉམ་དུ་གུས་མཚོན་རླངས་འཁོར་ལ་བཞུགས་ཏེ་བཞུགས་གནས་ནས་ཐོན་པ་དང་རྒྱལ་མགྲོན་སྐུ་སྲུང་རུ་ཁག་གི་སྲུང་སྐྱེལ་འོག་མི་དམངས་ཚོགས་ཁང་ཆེ་མོའི་ཕྱོགས་སུ་བསྐྱོད། མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིར་དར་ཆ་དམར་པོ་འཁྱེར་བའི་གུས་དམག་ཚོ་གཞུང་ལམ་གྱི་གཞོགས་གཉིས་སུ་ལངས་ཡོད། གུས་དམག་18སྐས་འཛེགས་ཐོག་མེ་མདའ་འཁྱེར་ནས་ཀྲོང་ངེར་ལངས་ཡོད་པ་དང་། གཞོན་ནུ་ལོ་ཆུང་ཚོས་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་གུས་འདུད་ཞུས་པ་རེད། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་རྣམས་ས་གདན་དམར་པོ་བཏིངས་པའི་སྐས་ཀ་འཛེགས་ནས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོར་འཛུལ། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཀྱིས་དེ་གར་མཉམ་དུ་ཁོང་ཚོར་ཕེབས་བསུ་ཞུས་པ་རེད།

    མི་དམངས་ཚོགས་ཁང་ཆེ་མོའི་ཐོག་སོ་གསུམ་པའི་གསེར་མདོག་ཚོམས་ཆེན་དུ་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཤིང་། གཞི་དམར་པོའི་རྒྱབ་ལྗོངས་ཆེ་མོའི་སྟེང་གི“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཞེས་པའི་ཡིག་འབྲུ་ནས་གསེར་འོད་ཆེམ་ཆེམ་འཕྲོ་ཞིང་། རྒྱབ་ལྗོངས་མདུན་གྱི་གཞོགས་གཉིས་སུ་དམར་མདངས་བཀྲ་བའི་དར་དམར་བཅོ་བརྒྱད་བཙུགས་ཡོད་པ་དང་དཔའ་ཉམས་དོད་པའི་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་གི་གུས་དམག་དགུ་རེ་གཟེངས་རྟགས་སྤྲོད་སའི་གཞོགས་གཉིས་སུ་མེ་མདའ་ཁྱེར་ནས་ཀྲོང་ངེར་ལངས་ཡོད།

    ཆུ་ཚོད་9དང་སྐར་མ་58ལ་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་དང“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལྷན་དུ་ཚོགས་རར་ཕེབས་སྐབས་ཚང་མ་ཡར་བཞེངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

    ཆུ་ཚོད་བཅུ་པ་ཏག་ཏག་ལ་བཅིངས་འགྲོལ་དམག་གི་དམག་མིའི་རོལ་ཆ་ཚོགས་པའི་དམག་དུང་གཏོང་མཁན་གྱིས་མཛད་སྒོའི་དུང་བརྡ་བཏང་བ་དང་ཆབས་ཅིག་གཟེངས་རྟགས་སྤྲོད་པའི་མཛད་སྒོ་འགོ་ཚུགས་པ་རེད། དེ་རྗེས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་སྐབས་ཚོགས་རར་ཡོད་པའི་མི་རྣམས་ཀྱིས་མཉམ་དུ་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་བ་རེད།

    ཝང་ཧུའུ་ཉིང་གིས《“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད། གཏན་འབེབས་ནང་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ནང་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ཚེ་གང་ཧུར་ཐག་འབད་ཐག་དང་། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ། ལེགས་སྐྱེས་མངོན་གསལ་དོད་པ། ཀུན་སྤྱོད་བཟང་བ་བཅས་ཀྱི་བྱས་རྗེས་འཇོག་མཁན་དཔེ་བཟང་ཏང་ཡོན་ལ་གཟེངས་བསྟོད་གཟབ་རྒྱས་དང་ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ལ་ལྕག་འདེབས་བྱ་ཆེད་ཏང་ཀྲུང་དབྱང་གིས་མཱ་མའོ་ཅེ་སོགས་བློ་མཐུན་29ལ“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན་ཡོད། (གཏན་འབེབས་ཀྱི་ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)

    དར་ཆ་འཁྱེར་མཁན་གཉིས་ཀྱིས་ཏང་དར་མཐོན་པོར་བཏེགས་པ་དང་གུས་དམག་གཅིག་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”འཁྱེར་ཏེ་གོམ་སྟབས་བརྟན་པོས་མཛད་སྒོ་འཚོག་ཡུལ་དུ་བསྐྱོད།

    བརྗིད་རྔམ་ལྡན་པའི《ལྷག་བསམ་གྱི་བསྟོད་གླུའི》རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་གཟེངས་རྟགས་གནང་བ་མ་ཟད། ཁོང་ཚོར་བྱམས་བརྩེའི་ངང་ཕྱག་བཏང་ནས་རྟེན་འབྲེལ་ཞུ་སྐབས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། ལོ་ཆུང་གདོང་ལེན་རུ་མིས་གཟེངས་རྟགས་ཐོབ་མཁན་ཚོར་མེ་ཏོག་སོས་པ་ཕུལ་བ་དང་ཆབས་ཅིག་གུས་འདུད་ཞུས་པ་རེད།

    ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཞི་ཅིན་ཕིང་གིས་དེ་རིང“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཚང་མ་ནི་འཐབ་ཕྱོགས་ཁག་གི་ཏང་ཡོན་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་མི་ཤ་སྟག་རེད། ཁོང་ཚོའི་ལུས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་དད་སེམས་བརྟན་དུ་གཏོང་བ་དང་། དམིགས་ཡུལ་ལག་ལེན་བསྟར་བ། འབད་འབུངས་ཀྱིས་ལེགས་སྐྱེས་འབུལ་བ། སྤྱོད་གཙང་ངང་གཞུང་དོན་སྒྲུབ་པ་བཅས་ཀྱི་ཀུན་སྤྱོད་བཟང་པོ་དང་བླ་ན་མེད་པའི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དད་སེམས་བརྟན་དུ་གཏོང་བ་ནི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་སྙིང་སྟོབས་མི་ཉམས་པ་མཐའ་འཁྱོངས་ཀྱིས་སྙིང་རུས་ཆེ་ཞིང་འགྱུར་བ་མེད་པའི་ཕུགས་བསམ་དད་སེམས་དང་ཏང་དང་མི་དམངས་ལ་བཅངས་པའི་བློ་དཀར་གྱི་སེམས་པའི་ཐོག་ནས་ཏང་དང་མི་དམངས་ལ་བཅངས་པའི་ལྷག་བསམ་རྣམ་དག་དང་དགའ་ཞེན་སེམས་ལ་བརྟན་པོར་ངེས་པ་དང་བྱ་སྤྱོད་ཐོག་འཁྱོལ་བ་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་རང་ཉིད་ཀྱི་ཐམས་ཅད་དང་ཐ་ན་རྩ་ཆེའི་ཚེ་སྲོག་སྐྱེས་སུ་འབུལ་བ་དང་ཏང་གི་ཕུགས་བསམ་དང་དད་སེམས་ཆེད་སྙིང་རུས་ཆེན་པོས་འབད་འཐབ་དང་འབད་འབུངས་ལྷོད་མེད་བྱེད་པ་དེ་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོས་མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་སེམས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས་ཚེ་གང་གི་དོན་གཉེར་བྱ་ཡུལ་ལ་བརྩིས་ཏེ་ནམ་ཡང་ཏང་ལ་ཡིད་ཆེས་དང་། ཏང་ལ་དགའ་ཞེན། ཏང་གི་ཆེད་དུ་ལས་དོན་སྒྲུབ་པ་བཅས་བྱས་ནས་རང་འཁྲིའི་ལས་གནས་ཐོག་སྙིང་རུས་ཆེན་པོས་འབད་འབུངས་ཀྱིས་བླ་ན་མེད་པའི་ཕུགས་བསམ་ཆེད་འབད་འཐབ་བྱེད་པའི་ལག་ལེན་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། དམིགས་ཡུལ་ལག་ལེན་བསྟར་བ་ནི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་དང་། སེམས་ནང་མི་དམངས་འཇོག་པ། མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་སེལ་བ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། མང་ཚོགས་ལ་དམ་པོར་བརྟེན་པ། བློ་གཅིག་སེམས་གཅིག་གིས་མི་སེར་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས“བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན”པའི་གུང་ཁྲན་ཏང་མིའི་བླ་ན་མེད་པའི་བརྩེ་སེམས་གསལ་འགྲེལ་བྱེད་པ་དེ་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་མི་དམངས་ཀྱི་ལངས་ཕྱོགས་དང་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་པ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བཅས་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབད་འབུངས་ཀྱིས་ལེགས་སྐྱེས་འབུལ་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལེགས་སྐྱེས་འབུལ་བ་དང་རང་འགན་གཙང་སྒྲུབ་བྱ་རྒྱུ་དེ་མི་ཚེའི་དམིགས་ཚད་དུ་བརྩིས་ནས་དཀའ་ཉེན་ལ་མི་སྐྲག་པ་དང་། རང་སྲོག་བློས་གཏོང་ཕོད་པ། དཀའ་སྒྲུབ་དངོས་སྒྲུབ། དཔའ་ངར་ཞུམ་མེད་བཅས་ཀྱི་ཐོག་ནས་གུང་ཁྲན་ཏང་མིའི་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་ཀྱི་སྙིང་སྟོབས་གང་ལེགས་མངོན་པར་བྱེད་པ་དེ་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚང་མས“ཇི་ཙམ་གྱིས་དཀའ་ཉེན་ཆེ་ན་དེ་ཙམ་གྱིས་མདུན་དུ་སྐྱོད་པའི”དཔའ་བོའི་བློ་སྟོབས་རྒྱུན་འཁྱོངས་དང་།“གནམ་ས་གསར་པ་གཏོད་ཕོད་པའི”ཞུམ་མེད་བློ་སྟོབས་རྒྱུན་འཁྱོངས། དཀའ་སྤྱད་ལས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ཏང་དང་། མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་ཧུར་ཐག་འཇོག་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། སྤྱོད་གཙང་ངང་གཞུང་དོན་སྒྲུབ་པ་ནི་དཀའ་སྤྱད་བབ་ཆགས་དང་སྤྱི་དོན་དུ་སྒེར་དོན་དོར་བའི་གུང་ཁྲན་ཏང་མིའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཁྱོངས་བྱས་ཏེ། བྱས་རྗེས་འཇོག་མཁན་ཡིན་པར་མི་རློམ་པ་དང་། སྒེར་གྱི་ཐོབ་ཤོར་ལ་མི་རྩོད་པ། ལོངས་སྤྱོད་ལ་ཞེན་ཆགས་མི་བྱེད་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན་བཅས་ཀྱི་ཐོག་ནས་གུང་ཁྲན་ཏང་མིར་ལྡན་དགོས་ངེས་ཀྱི་ཀུན་སྤྱོད་དང་ཉམས་འགྱུར་གསོན་ཉམས་དོད་པོས་མཚོན་པར་བྱེད་པ་དེ་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་སྤྱོད་བཟང་རྟོགས་པ་དང་། སྤྱི་པའི་སྤྱོད་ལམ་སྲུང་བ། རང་སྤྱོད་ནན་པ། མི་གཙང་མ་གཙང་རྐྱང་ཞིག་བྱེད་པ་དང་བྱ་བ་གཙང་མ་གཙང་རྐྱང་ཞིག་སྒྲུབ་པ། རང་གཅུན་སྤྱི་གཅེས་དང་གྲོན་ཆུང་བྱས་ནས་བློ་སྦྱོང་བཅས་བྱས་ཏེ་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པ་ནི་དཔའ་བོ་མཁོ་བ་དང་དཔའ་བོ་ཐོན་ངེས་ཡིན་པའི་དུས་རབས་ཤིག་ཡིན། ཀྲུང་གོ་གུང་ཁྲན་ཏང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་པ་དང་མི་རིགས་ཀྱི་སྲོག་ཤིང་ཞིག་བྱེད་དགོས་ལ། ཏང་ཡོན་དཔུང་ཁག་ངེས་པར་དུ་ཉམས་སད་ཐེག་ཐུབ་པ་ཞིག་དགོས། རེ་བར་གཟེངས་བསྟོད་ཐོབ་པའི་བློ་མཐུན་ཚོས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་གྲུབ་འབྲས་དར་སྤེལ་བཏང་ནས་དེ་བས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ལས་ཀ་དང་འཚོ་བའི་ཐད་ནས་བྱས་རྗེས་འཇོག་མཁན་ཏང་ཡོན་ཚོར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་གྱི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་ན་མེད་པའི་ཀུན་སྤྱོད་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་སྔོན་ཐོན་གོང་དུ་བཀུར་བ་དང་མིག་ལྟོས་ཡར་འདྲེན་གྱི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཏང་གི་ངོ་བོ་དང་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། འབད་འཐབ་ལྷོད་མེད་བྱེད་པ། ནམ་ཡང་འབད་འཐབ་བཅས་བྱ་རྒྱུའི་སྐུལ་ལྕག་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། (གསུང་བཤད་ཀྱི་ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)

    མཛད་སྒོའི་ཐོག་ཡུན་ནན་ཞིང་ཆེན་ལི་ཅང་ཧྭ་ཕིང་བུ་མོའི་མཐོ་རིམ་སློབ་འབྲིང་གི་ཏང་ཀྲི་པུའི་ཧྲུའུ་ཅི་སློབ་སྤྱི་ཀྲང་ཀུའེ་མེ་ཡིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་གྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད།

    གཟེངས་རྟགས་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

    གཟེངས་རྟགས་སྤྲོད་པའི་མཛད་སྒོ་མ་འཚོགས་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཐོབ་མཁན་ལ་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

    རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་ཚེས་28ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཏེ། གཟེངས་བསྟོད་ཐོབ་མཁན་མི་སྒེར་དང་མཉམ་སྡེབ་ཀྱི་འཐུས་མིར་བྱ་དགའ་སྤྲད་པ་རེད། ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཏང་གི་ཚོཌ་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”དཔྱད་འདེམས་གཟེངས་བསྟོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཏང་ཡོན་གྱི་ནུས་པ་འདོན་སྤེལ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། རྒྱ་ཆེའི་ཏང་ཡོན་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་དཔེ་མཚོན་མིག་དཔེར་བྱས་ཏེ་ཏང་གཤིས་ལ་ཞུན་བརྡར་ཐུབ་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱེད་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་བྱས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་དང་དམག་འཐབ་མཁར་རྫོང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲའོ་ལེ་ཅི་ཚོགས་ཆེན་ལ་ཞུགས་པ་དང་། ཁྲེན་ཤིས་ཀྱིས《རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད། (གཏན་འབེབས་ཀྱི་ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།