དབྱར་གཞུང་གི་ལྷ་སར། ཁྲེང་ཀོན་ཆུས་ཚལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཡིག་གཟུགས་ཁང་དུ་གྲོང་མི་བསོད་ནམས་སྒྲོལ་མས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་རྒྱ་ཡིག་འགའ་བྲིས་ནས་རང་ཉིད་ཀྱི་དེ་ཙམ་ཡག་པོ་མེད་པའི་ཡིག་གཟུགས་ལས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་ཕུལ་བ་རེད། དེ་དང་དུས་མཚུངས། ཤ་གསར་ཟུར་ལམ་གྱི“ཉི་འོད་དམངས་ཕན”ཇ་ཁང་དུ། ལོ་77ལ་སླེབས་པའི་བློ་བཟང་དང་གྲོགས་པོ་ཚོས《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་མཉམ་དུ་བླངས་པ་མ་ཟད། ཤོག་བུའི་ཐོག་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་སྨོན་ཚིག་བྲིས། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་གྲྭའི་དཔེ་དེབ་ཁང་དུ་ལོ་རིམ་གསུམ་པའི(འཛིན་གྲྭ་བརྒྱད་པའི)སློབ་མ་ཀྲོའུ་ཡུས་ཤིན་གྱིས་སློབ་གྲོགས་ཚོར་རང་ཉིད་ཀྱི་དཔེ་ཀློག་མྱོང་ཚོར་མཉམ་སྤྱོད་བྱེད་བཞིན་ཡོད།
དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཚུན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་དེ་ཉིད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་དང་ལག་ལེན་བསྟར་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩི་བ་དང་དྲིལ་བསྒྲགས་སློབ་གསོས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཀྱི་མདུན་ཕྱོགས་སོ་ལྟ་ཁང་ཞིག་ཏུ་བརྩིས་ནས་གྲོང་ཁྱེར་དང་། གྲོང་རྡལ། གྲོང་གསེབ་བཅས་སུ་ཤེས་དཔལ་གྱི་རྣམ་པ་གསར་པ་འཕེལ་བར་བྱས་པ་དང་ཤེས་དཔལ་གྱི་སྲོལ་གསར་ཁྲེང་ཀོན་དུ་དར་རྒྱུར་སྐུལ་འདེད་བཏང་བ་རེད།
མང་ཚོགས་དང་འབྲེལ་འདྲིས་ཀྱིས་གསོན་ཤུགས་འཕེལ་བར་བྱས་ཏེ་ཤེས་དཔལ་ལག་ལེན་བྱེད་སྒོ་འཁྲུག་ཏུ་གཏོང་བ།
ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཀྱིས་རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)ལ་བརྟེན་ནས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། རྣམ་པ་སྣ་ཚོགས་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ་གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། སྒྱུར་བཅོས་སྒོ་དབྱེ་ཡག་པ། རླབས་ཆེའི་མེས་རྒྱལ་ཡག་པ། མི་རིགས་ཁག་གི་མི་དམངས་ཡག་པ་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ནས་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་བ་རེད།
ཤ་གསར་ཟུར་སྡེ་ཁུལ་གྲོང་མི་ཨུ་ལྷན་དུ། སྡེ་ཁུལ་གྱིས“ནམ་ཡང་ཏང་གི་རྗེས་སུ་འབྲང་། ཞི་ཅིན་ཕིང་གི་གཏམ་རྒྱུད་ཤོད་པའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་སྡེ་ཁུལ་གྱི་གྲོང་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཚར་ལོངས་ཀྱི་བརྒྱུད་རིམ་དང་། ཕྱག་ལས། འཚོ་བ་བཅས་ཀྱི་གཏམ་རྒྱུད་རྒྱུས་ལོན་བརྒྱུད་གཙོ་འཛིན་གྱི་མི་གཤིས་ཉམས་འགྱུར་དེ་བས་ཐད་ཀར་མྱོང་ཚོར་ཐུབ་པ་བྱས་ཡོད།
སྡེ་ཁུལ་གྱི་ལས་དོན་པ་ཚེ་སྐྱིད་ཀྱིས“གཏམ་རྒྱུད་ཐུང་ངུ་རེ་རེ་ལས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ངེད་ཚོའི་འགྲམ་དུ་ཡོད་པ་ལྟར་ཚོར་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཀྱང་ཚང་མ་དང་འདྲ་བར་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་འབད་འཐབ་ལྷོད་མེད་གནང་གི་ཡོད་པ་ཚོར་སྣང་བྱུང”ཞེས་བཤད།
ཁྱད་ལྡན་སྤུས་རྟགས་རྒྱ་སྟོབས་ཆེ་རུ་བཏང་ནས་ཤེས་དཔལ་ལག་ལེན་བྱེད་སྒོར་བཀྲག་མདངས་འཚེར་བར་བྱེད་པ།
དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་། ཁྲེང་ཀོན་ཆུས་ཀྱིས་ཁྱད་ཆོས་བཏོད་དེ་གྲོང་ཚོ(སྡེ་ཁུལ)ཁག་གི་ཐོན་ཁུངས་ཀྱི་ལེགས་ཆ་མི་འདྲ་བར་དམིགས་ཏེ“གྲོང་ཚོ་རེར་ཁྱད་ཆོས་རེའི་རིག་གནས་སྤུས་རྟགས་གྲོང་ཚོ(སྡེ་ཁུལ)”གཏོད་འཛུགས་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “དཔེ་ཀློག་གྲོང་ཚོ”དང་། “བོད་ལུགས་གསོ་རིག་བདེ་སྲུང་ལུས་རྩལ་གྲོང་ཚོ”“རྒན་བཀུར་གཉེན་གཅེས་ཀྱི་གྲོང་ཚོ”བཅས་རིག་གནས་ཀྱི་བཀོད་པ་རེ་རེ་ཆགས་ཡོད། བྱེད་སྒོ་སྤེལ་ཡུལ་གསར་པ་འཛུགས་སྐྲུན་དང་ཐོན་ཁུངས་རྙིང་པ་བསྡུ་སྒྲིལ་བྱས་པས་མང་ཚོགས་ལ“གར་སྟེགས”གསར་པ་བྱུང་ཡོད།
དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་སྤེལ་ཚུན། ཚལ་གྲོང་ཚོས“ཡིག་གཟུགས”གྲོང་ཚོ་དེ་གའི་རིག་གནས་ཁྱད་ཆོས་ལ་བརྩིས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཐེངས་མང་སྒྲིག་འཛུགས་བྱས་པ་དང་། ད་དུང་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་གྲོང་མི་ཚོར་ཡིག་གཟུགས་འབྲི་སྟངས་བསླབས་པ་རེད། “སུར་བྱ་དགའ་ཐོབ་པ་དང་ཕྲུ་གུ་སུས་ཡིག་གཟུགས་ཡག་པ་བྲིས་འདུག་གམ”ཞེས་པ་ལ་སོགས་ནི་གྲོང་མིའི་བར་གསེང་གི་གླེང་གཞིར་གྱུར་ཡོད། གྲོང་ཚོར“ཡིག་གཟུགས་སྦྱོང་བའི”ཚ་རླབས་ཤིག་འཕྱུར་བ་དང་སྦྲགས་གོམས་སྲོལ་རྙིང་པ་ཁག་གཅིག་ཀྱང་མེད་པར་གྱུར་ཡོད།
ཁྲེང་ཀོན་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གྱིས་ད་དུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོར་དམིགས་ཏེ“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཞབས་འདེགས་ཞུ་བ། གཤམ་སྐྱོད་ལྔ། སྡེ་ཁུལ་དུ་ཁག་བཞི་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ནས། མིག་སྔའི་བར་ཁྲོམ་གཞུང་དང་། གྲོང་ཚོ(སྡེ་ཁུལ) དགོན་སྡེ། ཚོང་ར་སོགས་སུ་བྱེད་སྒོ་ཐེངས་20སྤེལ་བ་རེད།
ཁྲིད་སྟོན་ལ་སྣང་ཆེན་གྱིས་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ཤེས་དཔལ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ།
དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་སྤེལ་ཚུན། ཁྲེང་ཀོན་ཆུས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དེ་ཉིད་མང་ཚོགས་ཀྱི་སེམས་པ་གཅིག་སྒྲིལ་དང་། མང་ཚོགས་ལ་ཁྲིད་སྟོན། སྡེ་ཁུལ་གྱི་གནས་ཚུལ་དང་དམངས་ཀྱི་འདོད་འདུན་ཐག་གཅོད་བཅས་ཀྱི་སྦྲེལ་ཟམ་ལྟ་བུར་བརྩིས་ནས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་ཤེས་དཔལ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཡོད།
མི་རིགས་ཁག་གི་མང་ཚོགས་ལ་དཔེ་ཀློག་གི་དགོས་མཁོ་སྐོང་མི་ཐུབ་པའི་གནད་དོན་ཐག་གཅོད་བྱ་ཆེད། ཁྲེང་ཀོན་ཆུས་ཀྱིས“སྤྱི་གླིང་དཔེ་ཁང”དང་། “ཇ་ཁང་དཔེ་ཁང”“ལས་ཡུལ་དཔེ་ཁང”“ཚོང་རའི་དཔེ་ཁང”“སྡེ་ཁུལ་དཔེ་ཁང”“དགོན་སྡེའི་དཔེ་ཁང”“སློབ་གྲྭའི་དཔེ་ཁང”བཅས་དཔེ་ཁང་རིགས་བདུན་བསྐྲུན་ནས་ཤེས་དཔལ་ལག་ལེན་བྱ་ཡུལ་དང་དེ་བཞིན་དགོངས་པ་གསར་པ་སློབ་སྦྱོང་དང་། དར་སྲོལ་གསར་པ་དར་སྤེལ། དྲང་ནུས་གསར་པ་བརྒྱུད་སྤེལ་བཅས་ཀྱི་ལས་སྟེགས་གལ་ཆེན་དུ་བརྩིས་ནས་རྒྱུན་དུ་མང་ཚོགས་འཛོམས་སར་རྒྱ་སྐྱེད་དང་ཁྱབ་པར་བྱས་ཡོད།
རྫོང་རྒྱབ་ཀླུ་ཁང་གི་སྤྱི་གླིང་དཔེ་ཁང་དུ། ཉིན་མོར་རིན་མེད་ངང་དཔེ་ཀློག་དང་། ངལ་གསོ་བ། གློག་གསོག་པ་སོགས་སྟབས་བདེའི་ཞབས་འདེགས་ཞུ་ཡི་ཡོད། “རྣམ་ཀུན་ང་ཚོས་དཔེ་ཀློག་སྐོར་འཁྲིད་དང་དཔེ་ཀློག་མཉམ་སྤྱོད་སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་གྱི་ཡོད། གྲོང་མི་ཚོས་འདི་གར་དེབ་ལྟ་བ་དང་སློབ་སྦྱོང་བྱེད་པར་དགའ་པོ་བྱེད་ཀྱི་འདུག”“དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་བསྐྲུན་པ་ནི་དོན་ཐོག་ཏུ་འཁྱོལ་ནས་མང་ཚོགས་ལ་བྱ་བ་དངོས་བསྒྲུབ་རྒྱུ་དེ་རེད”ཅེས་དང་བླངས་པ་ཕུར་སྒྲོན་གྱིས་བཤད།
ཏང་གི་གསུང་སྒྲ་དྲིལ་བསྒྲགས་བྱེད་མཁན་ཡོད་པ་དང་། མང་ཚོགས་ཀྱི་དཀའ་ངལ་སེལ་མཁན་ཡོད་པ། རིག་གནས་བྱེད་སྒོར་བརྟེན་ས་ཡོད་པ། དང་བླངས་ཞབས་ཞུར་དཔུང་ཁག་ཡོད་པ་སོགས། ཁྲེང་ཀོན་ཆུས་ཀྱིས་དུས་རབས་གསར་པའི་མང་ཚོགས་ལམ་ཕྱོགས་ལ་ཡག་པོ་བསྐྱོད་དེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དེ་ཉིད་དུས་རབས་ཀྱི་མི་གསར་སྐྱོང་བ་དང་དུས་རབས་ཀྱི་སྲོལ་གསར་དར་སྤེལ་གཏོང་བའི་བསམ་པའི་ཁྱིམ་གཞིས་སུ་འགྱུར་བཞིན་ཡོད།