དབུ་ཤོག>ཆེད་སྒྲིག
  • མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཉམ་དུ་གསོ་སྐྱོང་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-29

    མཚོ་སྣ་རྫོང་དུ་རྒྱ་རིགས་དང་། བོད་རིགས། མོན་པ་རིགས། ཧུད་རིགས་སོགས་གནས་སྡོད་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་97%ཡན་བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས་མང་བའི་རྫོང་ཞིག་གི་ངོས་ནས། ཉེ་བའི་ལོ་ཤས་རིང་མཚོ་སྣ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འདི་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། མི་རིགས་ཁག་གི་མི་དམངས་ཁྲི་1.6གིས་ཐོན་ཁུངས་ཕུན་སུམ་ཚོགས་ལ་མཛེས་ཤིང་ཡིད་དུ་འོང་བའི་ས་གཞི་འདིར་ཐུན་མོང་ཐོག་མཐུན་སྒྲིལ་གྱི་གླུ་དབྱངས་བླངས་པས་མཐུན་སྒྲིལ་མེ་ཏོག་ཅི་དགར་བཞད།

    དཔེ་མཚོན་སྣེ་ཁྲིད་ཀྱིས་གཏོད་འཛུགས་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། མཚོ་སྣ་རྫོང་གིས་ཐོག་མཐའ་བར་གསུམ་དུ་དཔེ་མཚོན་སྐྱེད་སྲིང་དང་དཔེ་མཚོན་སྣེ་ཁྲིད་བྱ་རྒྱུ་འདི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་གལ་ཆེའི་དམ་འཛིན་བྱ་གཞིར་བརྩིས་ནས་སྔོན་ཐོན་དཔེ་མཚོན་རྒྱུན་མཐུད་སྔོག་འདོན་དང་། གཏོད་འདེམས། གཟེངས་བསྟོད་བཅས་བྱས་ཡོད། 

    ཚེ་རིང་སྒྲོལ་དཀར་དང་བདེ་ཆེན་དབང་འདུས་ཀྱི་ཁྱིམ་ཚང་ནི་མོན་པ་རིགས་དང་བོད་རིགས་ལས་གྲུབ་པའི་ཁྱིམ་ཚང་ཞིག་ཡིན་ཞིང་ཁྱིམ་དུ་མི་4ཡོད། “ང་གཉིས་2012ལོར་ངོ་ཤེས་བྱུང་། སྐབས་དེ་དུས་ཁོང་ཤང་དུ་ལས་བགོས་བརྒྱབ་མ་ཐག་རེད། 2013ལོར་ང་རང་དར་མའི་མཐོ་རྒྱུགས་ལ་ཞུགས་རྗེས་སི་ཁྲོན་དུ་སློབ་གྲྭར་བསྐྱོད་པ་ཡིན། མ་གཞི་ས་ཐག་རིང་ཡང་ང་གཉིས་ཀྱི་བརྩེ་དུང་ཟབ་མོ་ཡོད”ཅེས་ཚེ་རིང་སྒྲོལ་དཀར་གྱིས་གསར་འགོད་པར་བརྗོད་བྱུང་།

    2018ལོའི་ཟླ་1པོར་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་འདེགས་སྐྱོར་འོག་དང་བདེ་ཆེན་དབང་འདུས་ཀྱི་རྒྱབ་སྐྱོར་འོག་ཚེ་རིང་སྒྲོལ་དཀར་གྱིས་བརྡ་ཆ་ཁང་ཞིག་བཙུགས། ལོ་དེ་རང་ལ་ཁོང་གཉིས་གཉེན་སྒྲིག་བྱས།

    “ད་ཆ་ང་གཉིས་ཀྱི་ཕྲུ་གུ་ལོ་གཉིས་ལ་སླེབས་ཡོད། ཕ་མ་གཉིས་ཀྱིས་ང་གཉིས་ཀྱི་ཕྲུ་གུར་ལྟ་རྟོག་གནང་གི་ཡོད། ངས་བརྡ་ཆ་ཁང་གཉེར་སྐྱོང་བྱེད་ཀྱི་ཡོད་པས་ན་ནིང་ཁེ་བཟང་སྒོར་ཁྲི་60ལྷག་ཙམ་བྱུང”ཞེས་ཚེ་རིང་སྒྲོལ་དཀར་གྱིས་དགོད་འཚེར་འཚེར་ངང་བཤད།

    ཚེ་རིང་སྒྲོལ་དཀར་དང་བདེ་ཆེན་དབང་འདུས་གཉིས་ནི་འཚོ་བར་དགའ་ཞེན་ཆེ་བ་མ་ཟད་དཀའ་སྤྱད་སྡུག་རུས་འཁྱོག་པས་ཚན་པའི་ལས་རོགས་དང་གྲོང་པ་ཁྱིམ་མཚེས་ཚོས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་དེར་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད། མི་རིགས་མཐུན་སྒྲིལ་གྱི་འོས་འགན་དྲིལ་བསྒྲགས་པ་ཞིག་གི་ངོས་ནས་ཁོང་གཉིས་ཀྱིས་རང་འགུལ་ངང་ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་མ་ཟད། བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་ཞིག་བྱེད་བཞིན་ཡོད། 2018ལོ་ནས་བཟུང་ཁོང་གཉིས་ཀྱིས་ལོ་ལྟར་མཚོ་སྣ་གྲོང་རྡལ་སློབ་ཆུང་དང་སློབ་འབྲིང་ལ་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་པ་དང་ནུས་པས་ལྕོགས་ཚོད་ཀྱིས་ཉེ་འགྲམ་གྱི་དཀའ་ངལ་ཡོད་པའི་གྲོང་མིར་རོགས་རམ་བྱེད་ཀྱི་ཡོད།

    གཞི་རྟེན་གསར་གཏོད་ཀྱིས་ཞི་མཐུན་གྱི་རྣམ་པ་བཏོད་པ།

    མཚོ་སྣ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ཐོག་སོ་དང་པོའི་ཚོམས་ཆེན་དུ་དམིགས་བསལ་གྱི་འགྲེམས་པང་ཞིག་ཧ་ཅང་མངོན་གསལ་དོད་པོ་ཡོད། “ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་རྒྱལ་གཅེས་མཐའ་སྲུང་སོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་སྔོན་ཐོན་བྱས་རྗེས་འགྲེམས་པང་སྟེང་བཀོད་དེ་དྲིལ་བསྒྲགས་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་སློབ་སྦྱོང་གི་མིག་དཔེ་ལྟ་ས་ཡོད་པ་དང་རྗེས་སྙེག་གི་དམིགས་ཚད་ཡོད་པར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཁྲོད་ཚང་མ་ཞུགས་པ་དང་ཚང་མས་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད”ཅེས་མཚོ་སྣ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྭ་ཝུའེ་ཆང་གིས་ངོ་སྤྲོད་བྱས།

    བཅར་འདྲིའི་བར་གསེང་དུ་མཚོ་སྣ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་པད་མ་ཡིས་མི་རིགས་མཐུན་སྒྲིལ་གྱི་གཉེན་སྒྲིག་ཁྱིམ་ཚང་གི་པར་དེབ་ཅིག་སྟོན་བཞིན་དུ་གསར་འགོད་པར“ང་ཚོས་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་219ཡི་གཞི་རྩའི་ཆ་འཕྲིན་བསྡུ་རུབ་བྱས་རྗེས་ཆ་འཕྲིན་པར་དེབ་འདི་བཟོས་ནས་དཔེ་མཚོན་ཁྱབ་གདལ་ཡག་པོ་བཏང་ཡོད། འདི་ནི་ང་ཚོས་ཁྱབ་གདལ་བཏང་བའི་དྲིལ་བསྒྲགས་བྱེད་སྟངས་གསར་པ་ཞིག་ཡིན”ཞེས་བརྗོད་བྱུང་།

    ཉེ་བའི་ལོ་ཤས་རིང་། མཚོ་སྣ་རྫོང་གིས་མ་དངུལ་སྒོར་ཁྲི་70ཙམ་བཏང་ནས་སློབ་གསོའི་རྟེན་གཞི་དང་། ཐང་ཆེན། ཁྲོམ་གཞུང་། དཔེ་སྟོན་ས་ཚིགས་སོགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྤུས་རྟགས་ཧུར་ཐག་བཏོད་ཡོད། རིག་རྩལ་འཁྲབ་སྟོན་བྱེད་པ་དང་། ཆེད་དོན་པར་གཞི་འདོན་པ། བརྗོད་དོན་གཙོ་བོའི་གླུ་གཞས་སྒྲིག་བཟོ། ཆེད་དོན་འགྲེམས་སྟོན་ལ་ལྟ་སྐོར། བརྗོད་དོན་གཙོ་བོའི་ཡིག་གཟུགས་འགྲན་བསྡུར། དྲ་ཐོག་ནས་ལན་འདེབས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཤུགས་ཆེན་བཏོད་པས། རྫོང་ཡོངས་སུ་མི་རིགས་ཁག་གི་མི་དམངས་རོགས་རེས་དང་ཞི་མཐུན་གོང་འཕེལ་གྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད།

    མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་དམ་འཛིན་བྱས་པ།

    ཕྲུ་གུ་ནི་མེས་རྒྱལ་གྱི་རེ་བ་དང་མི་རིགས་ཀྱི་འབྱུང་འགྱུར་ཡིན། གཞོན་ནུ་ལོ་ཆུང་ལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཡག་པོ་རྒྱག་པ་ནི་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྔར་བས་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་རེད།

    ཆར་པ་སིམ་སིམ་གྱི་ཁྲོད་དུ་གསར་འགོད་པ་དང་བཅས་པ་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་སློབ་གསོའི་དཔེ་སྟོན་སློབ་གྲྭ་དང་མི་རིགས་མཐུན་སྒྲིལ་དཔེ་སྟོན་སློབ་གྲྭ་ཡིན་པའི་མག་མག་མོན་པ་མི་རིགས་ཤང་སློབ་ཆུང་དུ་བསྐྱོད་པ་ཡིན།

    སློབ་གྲྭའི་ནང་འཛུལ་མ་ཐག་མི་རིགས་56ངོ་སྤྲོད་མདོར་བསྡུས་ཡོད་པའི་བར་ཁྱམས་དེས་གསར་འགོད་པའི་ཡིད་དབང་རྦད་དེ་འཕྲོག་སོང་། མག་མག་མོན་པ་མི་རིགས་ཤང་སློབ་ཆུང་གི་སློབ་སྤྱི་སྤེན་པ་ཚེ་རིང་གིས“ཕྲུ་གུ་ཚོས་ཕྱོགས་གང་ཅིའི་ཐད་ནས་མི་རིགས་མི་འདྲ་བའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    སློབ་གྲྭས་སྔ་ཕྱི་བར་གསུམ་དུ་མོན་པ་རིགས་དང་བོད་རིགས་དགེ་རྒན་གཞུང་ལས་ཁང་གཅིག་ནང་ལས་ཀ་བྱེད་པ་དང་། ཕན་ཚུན་སློབ་ཚན་ཉན་པ། མི་རིགས་སོ་སོའི་སྐད་སྦྱོང་བ་བཅས་དང་སློབ་མ་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་མ་ཟད། སློབ་གྲྭའི་རླུང་འཕྲིན་དང་དྲིལ་བསྒྲགས་འགྲེམས་པང་གང་ལེགས་སྤྱད་དེ་མི་རིགས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱེད་ཀྱི་ཡོད། ཆེད་དོན་གཏམ་བཤད་དང་ཤེས་བྱའི་འགྲན་བསྡུར་དང་མི་རིགས་མཐུན་སྒྲིལ་གྱི་གླུ་གཞས་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་མའི་མི་རིགས་ཀྱི་གདེང་ཚོད་དང་སྤོབས་སེམས་འཕེལ་བར་བྱས་ཡོད།

    “མོན་པ་རིགས་ལ་སྐད་ཡོད་ཀྱང་ཡི་གེ་མེད་པའི་དོན་དངོས་དང་ཟུང་འབྲེལ་གྱིས་མོན་པའི་རིག་གནས་རྒྱུན་འཛིན་སྔར་བས་ལེགས་པ་བྱ་ཆེད། 2016ལོར་ང་ཚོའི་སློབ་གྲྭས《མོན་པའི་སྐད་སློབ་སྦྱོང》གི་དཔྱད་གཞིའི་ཡིག་ཆ་རྩོམ་སྒྲིག་བྱས་རྗེས་སྤྱི་སྐད་ཡག་པོ་སྦྱོང་བའི་རྨང་གཞིའི་ཐོག་མོན་པའི་སྐད་སྦྱོང་དུ་བཅུག་ཡོད། ན་ནིང་ང་ཚོས་དཔྱད་གཞིའི་ཡིག་ཆའི་ནང་མོན་པ་མི་རིགས་ཀྱི་དམངས་སྲོལ་དང་། དུས་ཆེན་གྱི་ཡུལ་སྲོལ་གོམས་གཤིས། སྲོལ་རྒྱུན་གྱི་གུས་ལུགས་སོགས་ཀྱི་ནང་དོན་གསར་དུ་བསྣན་ཡོད། དེ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སློབ་ཁྲིད་ཁྲོད་མཉམ་འདྲེས་ཡག་པོ་ཡོང་བ་བྱས་ནས་མི་རིགས་ཁག་གི་སློབ་མའི་དབར་གྱི་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཡོད”ཅེས་སྤེན་པ་ཚེ་རིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།