ཉེ་བའི་ལོ་ཤས་རིང་། མཚོ་སྣ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“དམངས་སེམས་འདུ་འགོད”ལག་བསྟར་ཤུགས་ཆེན་བྱས་ཡོད། ད་ཆ་མཚོ་སྣ་རྫོང་གི་གཙང་པོ་མཚོ་སྐྱིལ་དང་། གྲོང་ཁྱེར་སྔར་བས་མཛེས་པ། དྲོད་རླངས་ཁྱིམ་དུ་འཁྲིད་པ། གསོ་རླུང་ཁྱིམ་དུ་ཁྱབ་པ། སྒོ་རར་ལྗོན་ཤིང་བཙུགས་པ། ཁང་པ་གསར་པ་བརྒྱབ་པ་བཅས་ལས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ནས་མི་སེར་གྱི་འཚོ་བའི་སྤུས་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད།
གཙང་པོ་མཚོ་སྐྱིལ། གྲོང་ཁྱེར་སྔར་བས་མཛེས།
2015ལོར་མཚོ་སྣ་རྫོང་གྲོང་དུ་དམངས་འཚོའི་འདུ་འགོད་ཆེན་པོ་ཞིག་དོན་འཁྱོལ་བྱས་པ་དེ་ནི་མཚོ་སྣ་རྫོང་གི་འདམ་རའི་སྤྱི་གླིང་གི་དུས་ཐེངས་དང་པོའི་ལས་གྲྭའི་རྣམ་གྲངས་ཤིག་རེད། རྣམ་གྲངས་དེར་ཚན་རིག་ཁྱབ་གདལ་དང་། ལྟ་སྐོར། སྤྲོ་གསེང་། ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པ་དང་ཆུ་ཁོངས་སྲུང་སྐྱོང་རྒྱ་ཁྱོན་མུའུ་2500ཟིན་ཡོད།
“སྔོན་ཆད་འདི་ག་ན་འདམ་རེད། དེའི་དཀྱིལ་དུ་ཆུ་ཕྲན་གཅིག་རང་ལས་མེད་ལ། གྲམ་ཐང་དུ་ཟང་ཟིང་ཆེ་བ་དང་། གད་སྙིགས་ཕུང་གསོག་ཐེབས་པ། དྲི་ངན་སྐྱུག་བྲོ་བ་བཅས་ཡོད། ཕྱིས་སུ་ལྷ་ས་སྐྱིད་ཆུའི་སྒྱུར་བཀོད་ལས་གྲྭ་དཔྱད་གཞིར་བཟུང་ནས་ད་ཆའི་འདམ་རའི་སྤྱི་གླིང་བསྐྲུན་པ་དེ་ནི་དམངས་སེམས་འདུ་འགོད་ཅིག་རེད”ཅེས་ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་མཚོ་སྣ་རྫོང་ཡན་ལག་ཅུས་ཀྱི་ཅུས་ཀྲང་རྒྱགས་ལོད་ཀྱིས་བཅར་འདྲི་ཚོགས་ཆུང་གི་སྣེ་ཁྲིད་དེ་གཙང་འགྲམ་བརྒྱུད་ངོ་སྤྲོད་བྱས།
མཚོ་སྣ་རྫོང་གི་འདམ་རའི་སྤྱི་གླིང་དེ་དུས་ཐེངས་བཞི་ལ་ཕྱེ་བ་དེའི་ནང་དུས་ཐེངས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ལས་གྲྭ་ཚང་མ་2019ལོའི་གོང་ལས་མཇུག་འགྲིལ་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། མ་དངུལ་སྒོར་ཁྲི་1500ཙམ་བཏང་བའི་དུས་ཐེངས་བཞི་པའི་ལས་གྲྭ་འཆར་འགོད་བྱེད་བཞིན་ཡོད་པ་རེད། རྣམ་གྲངས་དེས་མཚོ་སྣ་རྫོང་དུ་སྤྱི་གླིང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། ད་དུང་རྫོང་གྲོང་གི་སྤྱི་ཡོངས་ཀྱི་རྣམ་པ་ལེགས་སུ་ཤུགས་ཆེན་ཕྱིན་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་དེ་བས་སྐྱིད་སྣང་དོད་པའི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་མཁོ་འདོན་བྱས་པ་དང་འབྲེལ་2019ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་བཅུག་པ་རེད།
“དེ་སྔ་ས་ཆ་གཞན་གྱི་སྤུན་མཆེད་མགྲོན་པོར་ཡོང་སྐབས་ཁྱིམ་དུ་ཅི་འཕྲོས་མོལ་འཕྲོས་བྱས་ནས་སྡོད་རྒྱུ་ལས་མ་འདས། སྤྱི་གླིང་བསྐྲུན་རྗེས་རྫོང་གྲོང་གི་མཛེས་ལྗོངས་སྔོན་ཆད་ལས་ལེགས་སུ་ཕྱིན་པ་མ་ཟད། ཟ་མ་བཟས་རྗེས་འཆམ་འཆམ་བྱེད་ས་ཡང་ཡོད”ཅེས་མཚམས་གཅོད་སྒྲོལ་མས་རང་ཁྱིམ་གྱི་འགྱུར་ལྡོག་སྐོར་གླེང་།
དྲོད་རླངས་ཁྱིམ་དུ་འཁྲིད། གསོ་རླུང་ཁྱིམ་དུ་ཁྱབ།
མཚོ་སྣ་རྫོང་གི་དྲོད་རླངས་མཁོ་འདོན་ས་ཚིགས་དང་པོ་ནས་ཐོན་ཏེ་བཅར་འདྲི་ཚོགས་ཆུང་འགན་ལེན་ལྔའི་དུད་ཚང་གི་གསོ་རླུང་མཁོ་འདོན་འཕྲུལ་ཁང་དུ་བསྐྱོད། འཕྲུལ་ཁང་དེས་མཚོ་སྣ་རྫོང་རྒན་གསོ་ཁང་གི་རྒན་རྒོན་84ལ་གསོ་རླུང་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
ལོ་74ལ་སླེབས་པའི་བགྲེས་སོང་ཆོས་འབྱོར་རྐང་པ་ཐང་པོ་མེད་ཀྱང་ཁོང་གིས་རྒན་གསོ་ཁང་གི་གྲོགས་པོ་གཞན་དང་མཉམ་དུ་ཐའེ་ཆིའུ་སྤོ་ལོ་རྒྱག་པའི་སྤྲོ་སེམས་ལ་ཤུགས་རྐྱེན་གཏན་ནས་ཐེབས་མེད། བགྲེས་སོང་ཆོས་འབྱོར་ནི་མཚོ་སྣ་རྫོང་ཆུ་དྲོ་མོ་ཤང་ནས་ཡིན་པ་དང་། 2016ལོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་རམ་འོག་ཁོང་མཚོ་སྣ་རྫོང་རྒན་གསོ་ཁང་དུ་ཡོང།
“རྫོང་རྒན་གསོ་ཁང་2015ལོའི་ཟླ་9པར་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་ཡོད། ང་ཚོས་གཅིག་སྡུད་རྣམ་པ་དང་ཁ་ཐོར་རྣམ་པའི་བྱེད་ཐབས་གཉིས་སྤྱད་དེ་རྒན་རྒོན་གྱི་འདོད་བློ་ལྟར་བསྡུ་དགོས་རིགས་ཚང་མ་བསྡུས་ཡོད། 2016ལོར་ང་ཚོས་རྫོང་གྲོང་དུ་གཅིག་སྡུད་དྲོད་རླངས་མཁོ་འདོན་བྱེད་འགོ་བཙུགས་པ་དང་རྒན་གསོ་ཁང་དེ་དུས་ཐེངས་དང་པོའི་དྲོད་རླངས་མཁོ་འདོན་ཚན་པའི་ཁོངས་སུ་བཅུག་པ་ནས་བཟུང་རྒན་རྒོན་རྣམས་དགུན་ཁར་ཡང་དྲོ་སོབ་སོབ་ཀྱི་འཚོ་བ་ཞིག་སྐྱེལ་རྒྱུ་བྱུང་ཡོད”ཅེས་མཚོ་སྣ་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ངག་དབང་ཆོས་འཛོམས་ཀྱིས་གསར་འགོད་པར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་མཚོ་སྣ་རྫོང་གིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་2.1བཏང་ནས་ས་གནས་དེ་གའི་ས་འོག་ཚ་ནུས་ཐོན་ཁུངས་སྤྱད་དེ་རྫོང་གྲོང་གི་གཅིག་སྡུད་དང་ཁ་ཐོར་རྣམ་པའི་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་བསྟར་བྱས་ཤིང་། གཙོ་བོ་རྫོང་གྲོང་གི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སློབ་གྲྭ སྨན་ཁང་སོགས་ཚན་པ་35དང་དེ་བཞིན་མཚོ་སྣ་གྲོང་རྡལ་གྱི་གྲོང་ཚོ་གཉིས་ཀྱི་ཁྱིམ་ཚང་ཁག་གཅིག་དང་ལས་བྱེད་ལས་བཟོའི་ལས་ཤག་བཅས་ལ་ཁྱབ་པ་དང་། དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་17.9ཟིན་པ། དུས་ཐེངས་དང་པོར་སྔོན་ལ་སློབ་གྲྭ་དང་། སྨན་ཁང་། རྒན་གསོ་ཁང་སོགས་ལ་བསམ་གཞིག་བྱས་པ་མ་ཟད། རིན་མེད་ངང་མཁོ་འདོན་བྱས་ཡོད།
སྒོ་རར་ལྗོན་ཤིང་བཙུགས། ཁང་པ་གསར་པ་བརྒྱབ།
མཚོ་སྣ་རྫོང་གི་འདམ་རའི་སྤྱི་གླིང་བརྒྱུད་གྲོང་ཁུལ་དུ་སྐྱོད་སྐབས་གཡོར་གྲུ་དང་འདྲ་བའི་རིག་རྩལ་ཐོག་ཁང་དང་མཚོ་སྣ་གྲོང་རྡལ་བ་ལུ་གྲོང་ཚོར་འབྱོར། མིག་མདུན་དུ་མངོན་པའི་གྲལ་སྟར་འགྲིག་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཁང་པ་ཚང་མ་ཤེལ་ཁང་དང་ཁང་པ་ཨ་མ་ལས་གྲུབ་པ་དང་ལམ་འགྲམ་དུ་གྲལ་སྟར་འགྲིག་པའི་སྒུལ་བདེའི་གད་གཞོང་དང་། ཉི་ནུས་ལམ་སྒྲོན། རླུང་གློག་ལམ་སྒྲོན་བཅས་ཡོད་པ་དང་། དུད་ཚང་ཚང་མའི་སྒོ་རའི་ནང་ད་དུང་ལྗོན་ཤིང་སྣ་ཚོགས་བཙུགས་ཡོད།
སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་ཆེད། མཚོ་སྣ་རྫོང་གིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་མཐོ་གྲང་རྫོང་གི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་དཔེ་སྟོན་བཏོད་པ་དང་། རྫོང་གྲོང་དུ་ལས་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་སྒོ་རའི་ནང་དཔྱིད་དུས་དང་ཆར་དུས་སུ་མི་ཐབས་ལ་བརྟེན་ནས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ། “སྲིང་བལ་གྱི་གོས”གཡོག་པ་དང་དྲོད་ཁང་རྒྱག་པ་སོགས་དྲོད་སྲུང་བྱ་ཐབས་སྤྱད་དེ་སྡོང་ཕྲུག་གསོན་ཚད་འགན་ལེན་བྱས་པས་མཚོ་སྣ་རྫོང་གྲོང་དུ་ལྗོན་ཤིང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
“མིག་སྔའི་བར་ཚན་པ་ཁག་གིས་སྒོ་རའི་ནང་ལྗོན་ཤིང་སྣ་ཁ་7ལྷག་ཙམ་བཏབ་པ་དེ་དག་གསོན་ཚད་90%ཟིན་ཡོད། ‘སྒོ་རའི་ནང་ལྗོན་ཤིང་འཛུགས་པའི’འདུ་འགོད་ལག་བསྟར་བྱས་པ་དེས་མཐོ་གྲང་ཁུལ་དུ‘དུས་ཚིགས་གཅིག་ལ་མེ་ཏོག་བཞད་པ་དང་དུས་ཚིགས་བཞིར་དབྱར་ཉམས་རྒྱས་པའི’མཛེས་ལྗོངས་ཀྱི་ཕན་འབྲས་དངོས་འབྲེལ་ཐོན་ཡོད”ཅེས་མཚོ་སྣ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལྷག་པ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས།
བ་ལུ་གྲོང་ཚོ་དང་འདྲ་བར་2017ལོ་ནས་བཟུང་མཚོ་སྣ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་27བསྐྲུན་པ་དེས་རྫོང་གྲོང་གི་བྱེད་ནུས་འཐུས་སྒོ་ཚང་དུ་དང་། རྫོང་གྲོང་གི་ཁོར་ཡུག་ལེགས་སུ། རྫོང་གྲོང་གི་སྤུས་ཚད་མཐོ་རུ་བཅས་ཕྱིན་པ་མ་ཟད། ད་དུང་ས་ཆའི་ཐོན་ཁུངས་འབོར་ཆེན་གྲོན་ཆུང་ཐུབ་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དང་སྡོད་གནས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།