དབྱར་ཟླ་དང་པོའི་ཞོགས་པ་ཞིག་ལ་གསར་འགོད་པ་དང་བཅས་པ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ཚལ་ཁྲོབ་གྲོང་ཚོར་བསྐྱོད་པ་ཡིན། ལྷོ་པ་མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་ཕོ་རྒོད་ཅིག་གྲོང་མདར་ང་ཚོ་སྒུག་ནས་སྡོད་པ་ཐག་རིང་ནས་མཐོང་བྱུང་། ཕོ་རྒོད་དེའི་འགྲམ་དུ་སླེབས་པས། ཁོང་ནི་ཚལ་ཁྲོབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དག་པོ་རེད་འདུག དེ་རྗེས་ཁོང་གིས་སྤྲོ་སེམས་འཁོལ་པོས་ང་ཚོར་སྣེ་ལེན་ཞུས་བྱུང་།
“སྐུ་ལས་ཁག་སོང་། ལྷོ་པ་རིགས་ཀྱི་འབྱོར་འབྲིང་གྲོང་ཚོ་ཚལ་ཁྲོབ་གྲོང་ཚོར་ཕེབས་པར་དགའ་བསུ་ཞུ”ཞེས་དག་པོས་ང་ཚོ་ཁོང་གི་ཁྱིམ་དུ་གདན་དྲངས་བྱུང་།
“ང་ཚོའི་གྲོང་ཚོར་དུད་ཚང་42ཡོད་པ་དང་ཚང་མ་གནས་སྤོས་དུད་ཚང་རེད། གྲོང་མི་ཚང་མས་དེ་གའི་གནས་སྡོད་ཆ་རྐྱེན་དེ་སྔོན་སྡོད་སའི་ཡུལ་དང་བསྡུར་ན་གནམ་ས་ལྟ་བུ་རེད་འདུག གསར་དུ་བསྐྲུན་པའི་སྡོད་ཁང་རྒྱ་ཆེ་ཞིང་དཀར་ཆ་དོད་པ་དང་། ཨར་འདམ་ལམ་སྒོ་འགྲམ་བར་བསྐྲུན་པ། དུད་ཁྱིམ་ཚང་མར་རང་འབབ་ཆུ་ཀ་ལ་ཁྲིད་པ། གྲོང་ཚོའི་ནང་ད་དུང་རིག་གནས་བྱེད་སྒོའི་ཐང་ཆེན་དང་འཕྲོད་བསྟེན་ཁང་སོགས་སྒྲིག་བཀོད་ཡོད། གང་ལྟར་གྲོང་ཁྱེར་ནང་ཡོད་པ་ཚང་མ་ང་ཚོའི་དེ་གར་ཡོད། ད་ལྟའི་འཚོ་བ་སྐྱིད་པོ་དེ་འདྲ་སྔོན་ཆད་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་གསར་འགོད་པ་དང་ཅི་འཕྲོས་མོལ་འཕྲོས་ཤོད་སྐབས་དག་པོས་དེ་ལྟར་བརྗོད་བྱུང་།
“ཆུང་དུས་ངའི་ཁྱིམ་གྱི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། ང་ཚོ་ནང་མི་བཅུ་གྲངས་རྡོ་དང་ཤིང་ལས་གྲུབ་པའི་ཁང་པ་ཐབས་ཆག་ནང་སྡོད་དགོས་པ་དང་ལྟོ་བཟོ་སའང་རྡོ་བཀྱགས་ལས་གྲུབ་པའི་ཐབ་ཡིན། ལྷོ་པ་རིགས་དེ་སྔོན་ནགས་ཁྲོད་དུ་སྡོད་ཀྱི་ཡོད་པས་སྤྱིར་ན་ས་ཞིང་འདེབས་ཀྱི་མེད། ཚང་མ་རྔོན་རྒྱག་པ་དང་ཤིང་འབྲས་བཏོགས་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། ང་ཆུང་དུས་རྟག་ཏུ་གྲོད་པ་ལྟོགས་པ་དང་ལོ་གཅིག་དུས་བཞི་ལུག་ལྤགས་གཅིག་ལས་གྱོན་རྒྱུ་མེད། ལུག་ལྤགས་དེ་ཉིན་མོ་གྱོན་གོས་དང་མཚན་མོ་ཉལ་ཁེབས་བྱེད་དགོས་ཀྱི་ཡོད། དབྱར་དུས་སུ་དེ་ཙམ་འཁྱག་གི་མེད་ཀྱང་དགུན་དུས་ཁ་བ་བབས་སྐབས་འཁྱག་ནས་ཁྱིམ་སྒོ་ཡང་དོན་ཐབས་བྲལ། ད་དུང་གྲོང་ཚོར་སྨན་ཁང་མེད་པས་ནད་གཞི་ཐོག་ཚེ། རི་ནས་སྨན་རྩྭ་བཏོགས་ཏེ་ཆུ་ལ་བསྐོལ་ནས་འཐུང་བའམ་འུ་ཐུག་ནས་སྡུག་རུས་བྱེད་ཀྱི་ཡོད”ཅེས་བྱིས་པའི་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་1978ལོར་སྐྱེས་པའི་དག་པོས་དབུགས་རིང་གཏོང་བཞིན་དུ་བརྗོད་བྱུང་།
ས་གནས་དེ་གའི་ལྷོ་པ་རིགས་ཀྱི་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་ཆེད། 1985ལོར་ས་གནས་དེ་གའི་སྲིད་གཞུང་གི་ལས་དོན་མི་སྣས་སྐུལ་སློང་ཐེངས་མང་བྱས་པ་བརྒྱུད་མི་རབས་ནས་མི་རབས་བར་ནགས་ཁྲོད་དུ་འཚོ་བ་སྐྱེལ་བའི་ལྷོ་པ་རིགས་ཀྱི་མང་ཚོགས་ཡོངས་ཡར་ཀླུང་གཙང་པོའི་འགྲམ་གྱི་ཚལ་ཁྲོབ་གྲོང་ཚོར་སྤོས།
“སྲིད་གཞུང་གིས་ང་ཚོར་སྡོད་ཁང་བསྐྲུན་པ་མ་ཟད། ད་དུང་ས་ཞིང་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆའང་སྤྲད་བྱུང་། སྐབས་དེ་དུས་ང་ཚོའི་ཁྱིམ་ལ་ས་ཆ་མུའུ་20རག་བྱུང་”ཞེས་དག་པོས་འཛུམ་དམུལ་དམུལ་ངང་བརྗོད་བྱུང་།
“ནགས་ཁྲོད་ནས་སྤོས་རྗེས། སྲིད་གཞུང་གིས་ཤང་ནང་སློབ་ཆུང་བསྐྲུན་པས་ང་དང་གྲོང་ཚོའི་ན་ཟླ་རྣམས་དེ་གར་སློབ་གྲྭར་ཕྱིན་པ་ཡིན། སློབ་གྲྭ་ནས་ང་ཚོར་སློབ་ཡོན་རྩ་ཆག་བཏང་བ་མ་ཟད། ད་དུང་ལྟོ་ཆས་ཀྱང་སྟེར་གྱི་ཡོད”ཅེས་1994ལོར་དམའ་རིམ་སློབ་འབྲིང་ཐོན་རྗེས་དག་པོ་སློབ་མཚམས་ཆད་པ་རེད། འོན་ཀྱང་ཁོང་གིས་སྨན་གླིང་རྫོང་གི་སྦྱིན་བདག་ཅིག་གི་ཁ་ལོ་བ་བྱས་ནས་ཉིན་རེར་གླ་ཆ་སྒོར་40ཙམ་རག་གི་ཡོད། “སྐབས་དེ་དུས་ཡོང་འབབ་འདི་དམའ་པོ་མ་རེད། དེས་མ་ཚད་རླངས་འཁོར་བཏང་སྟེ་གང་སར་འགྲོ་ཆོག་པས་རང་ཉིད་ཀྱི་མཐོང་རྒྱ་ཐོས་རྒྱ་ཆེ་རུ་གཏོང་ཐུབ”ཅེས་དེ་རྗེས་ཀྱི་ལོ་བཅུ་ཕྲག་རིང་དག་པོས་སྨན་གླིང་རྫོང་དང་ཉིང་ཁྲི་གྲོང་ཁྱེར་དུ་ལས་ཀ་རིགས་མང་པོ་བྱེད་མྱོང་ཡོད།
2006ལོར་སྨན་གླིང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་གྱིས་བོད་སྐྱོར་མ་དངུལ་ཁྲོད་ནས་སྒོར་ཁྲི་260བཏོན་པ་དང་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་སྒོར་ཁྲི་240བཏོན་ནས་ཚལ་ཁྲོབ་གྲོང་ཚོའི་ལྷོ་པ་རིགས་ཀྱི་མང་ཚོགས་ལ་སྒོ་ར་ཡོད་པའི་ལྕགས་རྩིག་ཨར་འདམ་མའི་སྡོད་ཁང་གསར་པ་བསྐྱར་དུ་བསྐྲུན་པ་རེད།
2019ལོར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ཤར་རླུང་ལ་བརྟེན་ནས་ཚལ་ཁྲོབ་གྲོང་ཚོའི་དུད་ཚང་42ཀྱི་གྲོང་མིས་མ་དངུལ་བསྡུས་ཏེ་ཁང་པ་དེ་བས་མཛེས་སུ་བཏང་ཡོད། “ད་ཆ་གྲོང་ཚོའི་དུད་ཚང་ཚང་མ་ཡངས་ཤིང་རྒྱ་ཆེ་བའི་ཁང་པ་སྒོ་ར་ཅན་ནང་སྡོད་པ་དང་། འཇིབ་ཆུང་ཉོས་པ། རིག་ནུས་ལག་ཐོགས་ཁ་པར་སྤྱད་པ། འཁྱགས་སྒམ་དང་གོས་འཁྲུད་འཕྲུལ་ཆས་སོགས་གློག་ཆས་གང་དགོས་ཚང་མ་ཡོད”
“གྲོང་ཚོའི་སློབ་ལོ་ལོན་པའི་ཕྲུ་གུ་ཚང་མ་སློབ་གྲྭར་སོང་བ་དང་སློབ་སྦྱོང་ཡག་པ་ཚོ་སློབ་ཆེན་ལ་རྒྱུགས་འཕྲོད་ཡོད། ང་ཚོར་ནད་ཕོག་ན། རླངས་འཁོར་བཏང་ནས་སྐར་མ་5ནང་ཚུན་དུ་རྫོང་གི་སྨན་ཁང་ལ་སླེབས་པ་དང་། གྲོང་ཚོར་ཆེད་མངགས་བྱེད་སྒོ་སྤེལ་སའི་ཐང་ཆེན་ཡོད་པ། གྲོང་མིས་ངལ་རྩོལ་བྱེད་ཞོར་དུ་ཞབས་བྲོ་འཁྲབ་པ་དང་གཞས་གཏོང་བ་སོགས་བྱས་ནས་འཚོ་བ་དགའ་སྐྱིད་དཔལ་ལ་རོལ་ཡོད”ཅེས་དག་པོས་སྤོབས་པ་ཆེན་པོས་བརྗོད་བྱུང་།
2020ལོར་ཚལ་ཁྲོབ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6ཟིན་ཡོད། གྲོང་མི་ཚོའི་ཡོང་འབབ་ཇེ་མང་དུ་སོང་ཡོད་ལ། འབབ་ཁུངས་ཀྱང་སྣ་མང་ཅན་དུ་གྱུར་ཡོད། “ཡོང་འབབ་ཁག་གཅིག་ནགས་ཁྲོད་ཐོན་ཁུངས་སྔོག་བསྡུ་བྱེད་པ་དང་སྨན་རྒྱུ་འདེབས་འཛུགས་བྱས་ནས་རག་པ་དང་། ཁག་གཅིག་རྫོང་གྲོང་དུ་ཚོང་རྒྱག་པ་དང་སྐྱེལ་འདྲེན་ལས་ལ་གཞོལ་ནས་རག་གི་ཡོད། གཞན་ཡང་། གྲོང་ཚོར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་བྱ་གསོ་ར་བ་སོགས་མཉམ་སྡེབ་དཔལ་འབྱོར་ཡོད་པས་ལོ་ལྟར་གྲོང་མི་རེར་བགོ་འགྲེམས་མི་ཉུང་བ་ཞིག་ཡོང་གི་ཡོད”ཅེས་དག་པོས་བརྗོད་བྱུང་།