རྒྱབ་རིར་བརྟེན་པ་དང་ཆུ་བོའི་གཞུང་དུ་ཆགས་པའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོར་སྐྱོད་སྐབས། གྲལ་སྟར་འགྲིག་པའི་བོད་བཟོའི་ཁང་པ་རེ་རེ་དང་། ཁམས་གཙང་བའི་གྲོང་ཚོའི་ལམ་བུ། དུད་ཚང་དབར་བསྐྱོད་སའི་ལམ་སྡོམ་གྱི་དྲ་བ་ལྟར་འབྲེལ་བ་མིག་ལམ་དུ་གསལ་པོར་མངོན་ཞིང་། གྲོང་ཚོའི་རྣམ་པ་མཛེས་སུ་སོང་བ་དང་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ་དེ་མདའ་རོ་གྲོང་ཚོའི་ཏང་ཀྲི་པུས་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་བཏོན་པ་དང་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ནས་ལས་ལ་བརྩོན་པ་དང་བློ་གྲོས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ་ལས་བྱུང་བ་ཞིག་ཡིན།
མང་ཚོགས་ཀྱི་སྣེ་ཁྲིད་དེ“སྤྲང་ཚང”ནས་སྤོས་ནས་འཚོ་བ་གསར་པར་འབད་འཐབ་བྱས་པ།
མདའ་རོ་གྲོང་ཚོ་ནི་རྒྱལ་ལམ་317གྱི་རྒྱུད་དུ་གནས་པ་དང་། གྲོང་ཚོའི་ནང་སྔོ་ལྗང་ལྗོན་ཤིང་གིས་ཁེངས་ལ། མི་སེར་གྱི་སྡོད་ཁང་གུ་ཡངས་ལ་དཀར་ཆ་དོད་པོ་ཡོད། 2015ལོར་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོར་བདམས་ཤིང་། ལོ་10ཡི་གོང་མདའ་རོ་གྲོང་ཚོ་ལུང་ཁུག་ཏུ་གནས་པ་དང་དེར་ཆུ་དང་གློག་མེད་པ་མ་ཟད། ཐོན་ཁུངས་དཀོན་ལ་ཕྱུག་འགྱུར་གྱི་ཐབས་ལམ་ཡང་དེ་ཙམ་མེད་པ་ཞིག་རེད།
རི་གྲོང་སྐྱོ་པོ་དེ་ནས་སྤོ་རྒྱུ་ནི་མདའ་རོ་གྲོང་ཚོའི་ཏང་ཀྲི་པུས་དུས་རྟག་ཏུ་བསམ་བློ་གཏོང་སའི་དོན་ཆེན་ཞིག་དང་། ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག འགྲུབ་དཀའ་བའི་བྱ་བ་ཞིག་ཀྱང་ཡིན། 2006ལོར་ཏང་དང་རྒྱལ་ཁབ་ཀྱིས་གངས་ལྗོངས་ས་མཐོར་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་པ་དེས“སྤྲང་ཚང”ནས་མ་སྤོས་ཚེ་འཚོ་ཐབས་དཀའ་བའི”མདའ་རོ་གྲོང་ཚོར་རེ་བ་སྦྱིན་ཡོད།
“སྤྲང་ཚང”ནས་མ་སྤོས་ཀ་མེད་ཡིན་ཞེས་པ་ནི་དེ་དུས་མདའ་རོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བའི་ཚེ་རིང་བཀྲ་ཤིས་ཀྱིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་ཡིན། ཁོང་གིས“མང་ཚོགས་ཀྱིས་མ་སྤོས་ན་ངས་སྔོན་ལ་སྤོས་ཆོག”ཅེས་བཤད་ནས་གནས་སྤོ་བྱེད་ཞོར་གྲོང་ཚོར་ལོག་སྟེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་ཧུར་བརྩོན་ཅན་གྱི་མང་ཚོགས་འགའ་སྤོ་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཤིང་། ཁ་ཏ་བསླབ་བྱ་ཐེངས་མང་བྱས་པར་བརྟེན། 2006ལོའི་ལོ་མཇུག་ཏུ་གཞི་ནས་དུད་ཚང་15རི་ཁུལ་ནས་ད་ཆའི་མདའ་རོ་གྲོང་གསར་དུ་སྤོས་པ་རེད།
འགོ་ཡག་པོ་ཞིག་འཛུགས་ཐུབ་པར་བརྟེན། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་ཡུལ་མི་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་གསར་པར་ལྟ་སྐོར་བྱེད་པར་ཁྲིད་པ་དང་ཁོང་ཚོར་གནས་སྤོས་རྗེས་ཀྱི་འགྱུར་ལྡོག་གསར་པའི་སྐོར་བརྗོད་པ་རེད། གནས་སྤོ་བྱ་ཡུལ་གྱི་གློག་སྒྲོན་ཁྲ་ཆིལ་ལེར་ཡོད་པ་དང་། རང་འབབ་ཆུ་ཀ་ལ་སྟབས་བདེ་ལ་གཙང་བ། སྲང་ལམ་གྱི་སྡོད་ཁང་གྲལ་འགྲིག་པ། ཨར་འདམ་ལམ་ཡངས་ཤིང་རྒྱ་ཆེ་བ་བཅས་མཐོང་འཕྲལ་མང་ཚོགས་རེ་བས་ཁེངས་ནས་སྤོ་འདོད་ཀྱི་བསམ་པ་སྐྱེས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་འབད་བརྩོན་འོག དུད་ཚང་364སྔར་རྗེས་སུ“དབུལ་པོའི་གནས”ལས་སྤོས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས།
མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་ཐབས་དང་ཇུས་བཏོན་པ།
གནས་སྤོ་བྱས་རྗེས“གནས་ཐུབ་པ”ཇི་ལྟར་བྱ་རྒྱུ་ནི་མདའ་རོ་གྲོང་ཚོའི་ཏང་ཀྲི་པུའི་མདུན་དུ་འཕྲད་པའི་དཀའ་ངལ་ཞིག་སྟེ། མི་རེར་ཆ་སྙོམས་ལོར་ཡོང་འབབ་སྒོར་1300ཡང་མ་ཟིན་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མེད་པའི་གནས་ཚུལ་འོག་དཀའ་ངལ་ལས་སྒྲོལ་ཐབས་ཇི་ལྟར་བྱེད་དགོས་པ་དེ་རེད།
མདའ་རོ་གྲོང་ཚོའི་ཏང་ཀྲི་པུས“ཀྲི་པུས་ཕན་ཚུན་རོགས་རེས་དང་མཉམ་སྐྲུན་བྱས་ནས་ཏང་འཛུགས་སྐྱོང་གིས་དབུལ་སྐྱོར་དབུལ་སྒྲོལ་ལ་སྣེ་ཁྲིད་བྱ་རྒྱུའི”ལས་དོན་གྱི་བསམ་ཕྱོགས་བཏོན་ཏེ་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་ཧུར་ཐག་བྱས་ཏེ“ཏང་ཀྲི་པུའུ་དང་། ཀུང་སི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་ལ་གཞིགས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ་རེད།
2009ལོར་མདའ་རོ་གྲོང་ཚོས་རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི་80བརྩོན་ལེན་བྱས་པའི་རྨང་གཞིའི་ཐོག་ཡུལ་མི་སྒྲིག་འཛུགས་བྱས་ནས་སྒོར་ཁྲི་40རང་གྲབས་ཀྱིས་ལྡུག་འཁོར་དང་། རྡོ་གཤོག་དཀྲུག་འཁོར། ལྕགས་གཞོང་འཕྲུལ་འཁོར་བཅས་ཉོས་ཏེ། མདའ་རོ་གྲོང་ཚོའི་ཞིང་འབྲོག་པའི་ཨར་པོའི་རུ་ཁག་བཙུགས་པ་མ་ཟད། མདའ་རོ་གྲོང་ཚོའི་བྱེ་རྡོ་ར་བ་དང་རྡོ་གཤག་ར་བ་བཙུགས་པར་ལོ་དེ་རང་ལ་ཁེ་བཟང་སྒོར་ཁྲི་20ལྷག་བྱུང་ནས་མང་ཚོགས་དུད་ཚང་70ལ་སྣེ་ཁྲིད་བྱས་ནས་དུད་ཚང་རེར་ཆ་སྙོམས་སྒོར་2800ལྷག་བགོ་ཐུབ་པ་བྱུང་ཡོད།
འབབ་འཕར་ཕྱུག་འགྱུར་གྱི་རེ་བས་ཁེངས་པའི་མང་ཚོགས་མཐོང་སྐབས་མ་རྐང་ནང་འཇུག་རྒྱུའི་བསམ་བློ་འཁོར་ཞིང་། ལྕགས་ཚ་ཐོག་ལ་རྡུང་དགོས་པའི་དཔེ་ལྟར་མདའ་རོ་གྲོང་ཚོའི་ཏང་ཀྲི་པུས་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་དང་ཡུལ་མི་མ་རྐང་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་ཏེ། རྩམ་པ་ལས་སྣོན་ཁང་དང་། ཤང(གྲོང་རྡལ)གི་ཞིང་ཁའི་རྣམ་གྲངས་ཆུང་ངུ་། མུའུ་སྟོང་ཟིན་པའི་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཤིང་། གྲོང་གསེབ་གསར་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་རྣམ་གྲངས་སོགས་མཉམ་སྡེབ་དཔལ་འབྱོར་དངོས་ཚན་སྔ་རྗེས་སུ་བསྐྲུན་པས་མཉམ་སྡེབ་དཔལ་འབྱོར་ལ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་1100ལྷག་ཟིན་ཏེ་ཡུལ་མི་ཚོར་ཐོབ་ཆ་མི་དམན་པ་བྱུང་ཡོད།
དུད་ཚང་གཅིག་ཕྱུག་པོ་ཆགས་པ་ཕྱུག་པོ་མིན། དུད་ཚང་ཚང་མ་ཕྱུག་པོ་ཆགས་ཚེ་གཞི་ནས་ཕྱུག་པོ་ཡིན། མདའ་རོ་གྲོང་ཚོའི་ཡུལ་མིས“ང་ཚོའི་གྲོང་ཚོ་ནི་སྲིད་གཞུང་གི་རོགས་རམ་འོག་ཕྱུག་པོ་ཆགས་པ་ཞིག་ཡིན་པ་དང་། ད་ཆ་ང་ཚོའི་འཚོ་བའི་ཆ་རྐྱེན་ཡག་ཏུ་སོང་བས་ཉེ་འཁོར་གྱི་གྲོང་ཚོ་ཕྱུག་པོ་ཆགས་རྒྱུར་རོགས་རམ་བྱེད་དགོས”ཞེས་བཤད། 2017ལོར་གཡོ་རི་དུང་གྲོང་ཚོ་དང་ཕུ་རག་གྲོང་ཚོར་རོགས་སྐྱོར་བྱེད་འགོ་ཚུགས་ཤིང་། མིག་སྔར། རིམ་རྩིས་བྱས་ན་རོགས་སྐྱོར་མ་དངུལ་སྒོར་ཁྲི་50ལྷག་བཏང་ནས་གཡོ་རི་དུང་གྲོང་ཚོ་དང་ཕུ་རག་གྲོང་ཚོར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་43འཛུགས་རོགས་བྱས་ཏེ་མང་ཚོགས་དུད་ཚང་220ལ་སྣེ་ཁྲིད་བྱས་ནས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ཙམ་བྱུང་ཡོད།
མང་ཚོགས་ཀྱི་སྣེ་ཁྲིད་དེ་དར་སྲོལ་གསར་པ་བཙུགས་ནས“བསམ་བློ་ཕྱུག་ཏུ་བཏང་བ”
“དངུལ་ཁུག་ནང་གི་དངུལ”འབེལ་དུ་སོང་བའི་སྐབས། “བསམ་བློ”ཡང་དུས་རབས་ཀྱི་རྗེས་ཟིན་པར་བྱས་པ། མང་ཚོགས་ཁག་གཅིག་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སྣེ་ཁྲིད་བྱ་ཆེད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་རང་ངོས་ནས་འགོ་བརྩམས་ཏེ་ནོར་ལུག་གི་ལྷས་ར་བརྒྱབ་པ་དང་ལྕགས་དྲ་བསྐོངས་ནས་ཁྱིམ་མིའི་འཚོ་བ་སྐྱེལ་ས་དང་ཕྱུགས་སྡོད་ས་ལོགས་སུ་དབྱེ་བ་དང་། གཟུགས་འཁྲུད་ཆུ་ཚ་པོའི་ཡོ་བྱད་སྒར་བ། ཁྱིམ་མིར་ལག་པ་ཡང་ཡང་བཀྲུ་བ་དང་གཟུགས་པོ་བཀྲུ་བའི་གོམས་གཤིས་བཟང་པོ་འཇགས་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་པ་རེད།
གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་མིག་དཔེ་བཟང་པོ་བསྟན་པར་བརྟེན་ཡུལ་མི་ཚོས་ཀྱང་རང་ཉིད་ཀྱི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་འགོ་བཙུགས་ཤིང་། སྐབས་དེ་དང་བསྟུན་ནས་མདའ་རོ་གྲོང་ཚོའི་ཏང་ཀྲི་པུས་འཕྲལ་མར་ཡུལ་མི་སྐུལ་སློང་བྱས་ནས“ཡ་རབས་ལྡན་པའི་ཁྱིམ་ཚང”གཏོད་འཛུགས་ཀྱི་བྱེད་སྒོ་སྤེལ་ཏེ་གོམས་གཤིས་ངན་པ་དོར་བ་དང་། སྲོལ་གསར་འཛུགས་པ། “གསང་སྤྱོད་གསར་བརྗེ”བྱེད་པ། མི་ཕྱུགས་སྡོད་ས་ལོགས་སུ་དབྱེ་བ་བཅས་བྱས་པས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
2015ལོར་གྲོང་ཚོའི་ཏང་ཀྲི་པུས་འཕེལ་རྒྱས་ཀྱི་དམིགས་ཚད་གསར་པ་བཏོན་ནས་རང་འགུལ་ངང་བྱེ་རྡོ་ར་བ་སྒོ་བརྒྱབ་སྟེ་སྐྱེ་ཁམས་ཤེས་དཔལ་གྱི་གྲོང་ཚོ་གཏོད་འཛུགས་ཀྱི་ལས་དོན་ནང་ཞུགས་ནས་སྐྱེ་ཁམས་ཁོར་ཡུག་སླར་གསོའི་བྱ་བར་གཞོལ་འགོ་ཚུགས་ཤིང་། སྔ་རྗེས་སུ་སྒོར་ཁྲི་300ལྷག་བཏང་ནས་ཉེ་འཁོར་རི་ལྡེབས་སུ་དཔལ་འབྱོར་ནགས་ཤིང་དང་ལྗོངས་གཟིགས་ནགས་ཤིང་མུའུ་200བཏབ་པ་མ་ཟད། མང་ཚོགས་ལ་ལྕག་སྐུལ་དང་སྣེ་ཁྲིད་བྱས་ཏེ་རྒྱལ་ལམ་317རྒྱུད་དུ་འགྲུལ་པ་མང་པོ་དང་ཚོང་གི་གོ་སྐབས་ཡོད་པ་དམ་དུ་བཟུང་ནས། སྒོ་རའི་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་ཚོང་ཁང་དང་བོད་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་ནས“ཡུལ་སྐོར་ཡོང་འབབ”གསོག་ཐུབ་པ་བྱས་པས་འདྲེ་ཆུའི་ངོགས་སུ་སྐྱེ་ཁམས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོད།
ད་ཆ“ལས་ཀ་ཡོད་ན་ཏང་ཀྲི་པུའུ་དང་ཏང་ཡོན་ལས་བྱེད་པ་འཚོལ་དགོས”ཞེས་པ་དེ་ཡུལ་མི་ཚང་མའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ལ། ཡ་རབས་སྲོལ་གསར་བཙུགས་ནས་ད་ཆའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུ་དེ་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་པ་མ་ཟད། དཔེ་དེབ་ཀློག་རྒྱུ་དང་། ཚགས་པར་ལྟ་རྒྱུ། རང་འགུལ་ངང་ལག་རྩལ་གསར་པ་སྦྱོང་རྒྱུ་ནི་ཡུལ་མི་ཚང་མས་དོན་གཉེར་བྱེད་པའི་དར་སོ་གསར་པ་ཞིག་ཏུ་གྱུར་པར་བརྟེན། ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་མི་སེར་ཚོས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་མཉམ་སྐྲུན་བྱེད་འདོད་ཀྱི་སེམས་ཤུགས་ཀྱིས་ཁེངས་ཡོད།