གྲོང་གསེབ་དར་རྒྱས་ཀྱི་འགག་རྩ་ནི་ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་ཡིན། ད་ཕན་ལོ་ཤས་རིང་བོད་ལྗོངས་དགའ་བདེ་ཀུང་སིས་ས་གནས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་དུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད། ཐོན་ལས་འཁོར་འབྲེལ་སྣུར་སྲིང་། མཁོ་སྤྲོད་འཁོར་འབྲེལ་གཏོད་པ། རིན་ཐང་འཁོར་འབྲེལ་མཐོར་གཏོང་། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཞིང་འབྲོག་པ་ཚོས་ཐོན་ལས་འཕར་ཐང་གི་ཕན་འབྲས་དེ་བས་མང་པོ་མཉམ་སྤྱོད་ཐུབ་པར་བྱས་ནས་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བ་དང་ཞིང་པར་ཕན་འདོགས་པའི་ཐོན་ལས་འཕེལ་རྒྱས་ལམ་བུར་བསྐྱོད་དེ་གྲོང་གསེབ་དར་རྒྱས་མངོན་འགྱུར་ཡོང་ཆེད་ནུས་པ་འདོན་སྤེལ་བྱས་པ་རེད།
ཐོན་འཕར་འབབ་འཕར་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་པ།
བོད་ལྗོངས་དགའ་བདེ་ཀུང་སི་དེ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་དུ་ཡོད།
གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་རེད།
བོད་ལྗོངས་དགའ་བདེ་ཀུང་སི་ནི་གསེར་རྙེད་ཆུས་ཀྱིས་བྱང་ཐང་གི་དཀར་ཆུའི་ལས་རིགས་འཕེལ་རྒྱས་གཏོང་མཁན་གྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་ལ། རྒྱལ་ཁབ་ཀྱིས་ཆོག་མཆན་སྤྲད་དེ་བཙུགས་པའི་དཀར་ཆུའི་ཐོན་སྐྱེད་ཁེ་ལས་ཤིག་ཀྱང་ཡིན་ཞིང་། དེའི་རྟེན་གཞི་ནི་རང་ལྗོངས་ཀྱི་ས་མཐོའི་སྐྱེ་ལྡན་འབྲོག་ལས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་གལ་ཆེན་ཞིག་ཀྱང་རེད།
འཕེལ་རྒྱས་ཀྱི་རྨང་གཞི་ཐོན་ལས་ལ་ཐུག་ཡོད་ཅིང་། ཐོན་ལས་དར་རྒྱས་ཀྱི་འགག་རྩ་གསར་གཏོད་ལ་ཐུག་ཡོད། བོད་ལྗོངས་དགའ་བདེ་ཀུང་སི་བཙུགས་པ་ནས་བཟུང་། གསེར་རྙེད་ཆུས་དང་ཐ་ན་ནག་ཆུ་གྲོང་ཁྱེར་གྱི་འབྲི་གཡག་ཐོན་ལས་དེང་རབས་ཅན་དང་། ལེགས་བསྡུས་ཞིབ་གཉེར་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ཁར། ཀུང་སིས“སྣེ་འདྲེན་ཁེ་ལས་དང་། རྟེན་གཞི། མཉམ་ལས་རྩ་འཛུགས། འབྲོག་དུད”བཅས་ཟུང་འབྲེལ་གྱི་གཉེར་སྐྱོང་བྱེད་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་འབད་བརྩོན་བྱས་པ་དང་བྱེད་ཐབས་དངོས་ཀྱང་བཏོན་ཡོད།
གཉེར་སྐྱོང་བྱེད་ཐབས་བརྒྱུད། འབྲོག་ལས་རིན་ཐང་གི་འཁོར་འབྲེལ་དང་། ཁེ་ལས་ཀྱི་འཁོར་འབྲེལ། མཁོ་སྤྲོད་ཀྱི་འཁོར་འབྲེལ། བར་མཐོངས་ཀྱི་འཁོར་འབྲེལ་བཅས་ཕན་ཚུན་ཟུང་འབྲེལ་ནུས་ལྡན་བྱས་པར་བརྟེན། ད་ཆ་གསེར་རྙེད་ཆུས་ཀྱི་འབྲོག་ལས་འཕེལ་རྒྱས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་འཁོར་འབྲེལ་ཅིག་གྲུབ་པ་དང་ཆབས་ཅིག་འབྲོག་ལས་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། དེང་རབས་ཅན་བཅས་ཀྱི་འཕེལ་རྒྱས་རིམ་བཞིན་མངོན་འགྱུར་བྱུང་ཡོད།
འབྲོག་ཁུལ་མང་ཚོགས་ཀྱི་སྣེ་ཁྲིད་དེ་འཚོ་བ་གསར་པར་རོལ།
བུ་ཚེ་རིང་ནི་དབུལ་སྒྲོལ་བྱུང་བའི་མང་ཚོགས་ཤིག་རེད།
སྔོན་མ་བུ་ཚེ་རིང་དང་ནང་མི་ཚོས་འབྲི་གཡག་དྲུག་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་ལོར་ཡོང་འབབ་སྒོར་9000ལྷག་ཙམ་ལས་མེད།
2017ལོར་བུ་ཚེ་རིང་བོད་ལྗོངས་དགའ་བདེ་ཀུང་སིར་ལས་ཀར་འཛུལ། “ང་ཚོ་མི་བདུན་བརྒྱད་ཀྱིས་འབྲི་གཡག་600ལྷག་ཙམ་ལ་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད། རྟེན་གཞིར་སླེབས་རྗེས་སྔོན་མའི་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་དེ་ད་ཆ་ཆེད་ལས་ཅན་གྱི་དེང་རབས་ལག་རྩལ་ལ་བརྟེན་ནས་ཕྱུགས་འཚོ་བར་གྱུར་ཡོད”ཅེས་བུ་ཚེ་རིང་གིས་དེང་དུས་ཀྱི་ཕྱུགས་འཚོ་སྟངས་གསར་པ་དག་བརྗོད་བྱུང་།
དགའ་བདེ་རྟེན་གཞི་2018ལོར་བཙུགས་ཚུན། གཟན་རྩྭ་འདེབས་འཛུགས་དང་། འབྲི་གཡག་གསོ་ཚགས། འོ་མ་ཉོ་སྒྲུབ། འབྲིའི་འོ་མ་ལས་སྣོན་ཕྱིར་ཚོང་། སྤུས་རྟགས་གཏོད་པ་སོགས་ཐོན་ལས་སྣ་མང་འཕེལ་རྒྱས་གཏོང་བའི་དགོས་མཁོར་བརྟེན་ནས་ས་གནས་དེ་གའི་མང་ཚོགས་འབོར་ཆེན་ཞིག་འབྲི་གཡག་ཐོན་ལས་འཕེལ་རྒྱས་འཁོར་འབྲེལ་ནང་ཞུགས་ཤིང་། ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
སྤེན་པ་སྔོན་མ་ས་གནས་དེ་གའི་འབྲོག་པ་ཡིན་པ་དང་། 2017ལོར་བོད་ལྗོངས་དགའ་བདེ་ཀུང་སིར་འབྲི་གསོ་ཚགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ཡོང་འབབ་མང་དུ་སོང་བ་དང་ཆབས་ཅིག སྤེན་པས་ཐོག་སོ་ཉིས་ཐོག་གི་བོད་བཟོའི་ཁང་པ་བརྒྱབ་པ་མ་ཟད། རླངས་འཁོར་ཡང་ཉོས། སྤེན་པས“དེ་སྔ་ཕྱུགས་རྫི་བར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ལས་མེད། ད་ཆ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་འདུག”ཅེས་བཤད།
མིག་སྔའི་བར་བོད་ལྗོངས་དགའ་བདེ་ཀུང་སིས་འོ་ཁུངས་རྟེན་གཞི་100དང་འབྲོག་དུད་3200ལྷག་ཙམ་ཞུགས་པའི་ཐོན་ལས་ཧྲིལ་པོའི་འཁོར་འབྲེལ་བཙུགས་ཏེ། མི་16256ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་། འོ་མ་ཉོ་སྒྲུབ་དང་ལུད་བཙོངས་པའི་ཡོང་འབབ་སྒོར་ཁྲི་2044.96ཟིན་ནས་ཞིང་འབྲོག་མང་ཚོགས་14773ལ་ཕན་པ་ཐོབ་ཡོད་པ་རེད།
ཡུན་རིང་ལས་ཞུགས་ཐུབ་པའི་མི་གྲངས་ད་དུང་རྒྱུན་མཐུད་ངང་འཕར་བཞིན་ཡོད་པ་དང་། བུ་ཚེ་རིང་དང་འདྲ་བའི་འབྲོག་པ་ཚོས་རེ་སྒུག་བྱེད་པའི་ནག་ཆུའི་རྩྭ་ཐང་གི་འཚོ་བ་གསར་པའི་འགྲོ་ལམ་དེ་བས་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་པ་བཏོད་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་བོད་བྱང་ཐང་གི་འབྲི་གཡག་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་ཅིང་། དཀར་ཆུའི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུ་ཚད་བརྒལ་དུ་བྱས་ཏེ། སྲིད་ཇུས་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། མ་དངུལ་ལ་བརྟེན་ནས་སྐུལ་ཁྲིད། དཔེ་སྟོན་སྐུལ་ཁྲིད་སོགས་བྱེད་ཐབས་ནུས་ལྡན་སྤྱད་ནས་དགའ་བདེ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཆབས་ཅིག་འབྲི་གཡག་གི་ཐོན་ལས་མུ་མཐུད་རྒྱ་སྟོབས་ཆེ་རུ་བཏང་ཡོད་པ་རེད།
ཁེ་ལས་ལ་གསོན་ཤུགས་དང་ཐོན་ལས་ལ་སྒུལ་ཤུགས་བསྣན་ཅིང་། བོད་ལྗོངས་དགའ་བདེ་ཀུང་སི་ནི་དཀར་ཆུའི་ཐོན་རྫས་རྩེར་སོན་ཐོན་སྐྱེད་ལ་གཞོལ་མཁན་སྣེ་འདྲེན་ཁེ་ལས་ཤིག་རེད།
2017ལོ་ནས་བཟུང་། དེང་རབས་ཀྱི་འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད། ཀུང་སིས་རྟེན་གཞིར་འདེབས་འཛུགས་དང་། གསོ་ཚགས། ལས་སྣོན། ཕྱིར་ཚོང་། ཚན་ཞིབ། གསོ་སྦྱོང་། ཐོན་ལས་ཡུལ་སྐོར་བཅས“ཕྱོགས་བདུན་གཞི་གཅིག”གི་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གཏན་འཁེལ་བྱས་ཡོད།
མིག་སྔར་རྟེན་གཞི་དེ་ཕྱུགས་རིགས་གསོ་ཚགས་ཁུལ་དང་། དཀར་ཆུའི་ཐོན་རྫས་ལས་སྣོན་ཁུལ། མི་ཐབས་རྩྭ་འདེབས་ཁུལ། དཔལ་འབྱོར་ལོ་ཏོག་ཚོད་འདེབས་ཁུལ། རང་བྱུང་རྩྭ་ར་ཁུལ་བཅས་ཁུལ་ཆེན་པོ་ལྔ་ལས་གྲུབ་ཅིང་། རྟེན་གཞིའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད། ཀུང་སིའི་སྣེ་ཁྲིད་འོག་བོད་བྱང་ཐང་གི་འབྲོག་ལས་ཐོན་ལས་ཀྱི་འཁོར་འབྲེལ་རགས་ཙམ་ཆགས་ནས་གཟན་རྩྭ་འདེབས་འཛུགས་དང་། བེའུ་གསོ་ཚགས། འོ་མ་ཐོན་སྐྱེད། དཀར་ཆུའི་ཐོན་རྫས་ལས་སྣོན་ཕྱིར་ཚོང་། དེ་བཞིན་འབྲི་གཡག་རྒྱགས་གསོ་བཅས་གཙོ་བོར་བྱས་པ་དང་། སྲིད་གཞུང་གིས་ཁྲིད་སྟོན་དང་། རྟེན་གཞིས་གཙོ་གཉེར། མང་ཚོགས་ཞུགས་པ་བཅས་ཀྱི་ཕྱོགས་ཡོངས་ཀྱི་འབྲོག་ལས་འཕེལ་རྒྱས་ཀྱི་འཁོར་འབྲེལ་ཞིག་ཆགས་པ་དང་། འབྲོག་ལས་ཐོན་རྫས་རིན་ཐང་འཕར་མ་སྔར་བས་མཐོ་རུ་ཕྱིན་ནས་འབྲི་གཡག་གསོ་ཚགས་དང་། འོ་མ་ཐོན་སྐྱེད། དཀར་ཆུའི་ཐོན་རྫས་ལས་སྣོན་དང་ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཡོད། མང་ཚོགས་ཀྱི་ལས་བརྩོན་ཕྱུག་འགྱུར་གྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཞིང་། ཐོན་ལས་རྒྱུ་ཆ་བོགས་གཏོང་དང་། ལས་ཞུགས་ལས་གནས་གསར་གཏོད། མ་བཅོས་རྒྱུ་ཆ་ཉོ་སྒྲུབ་བཅས་བྱས་པས། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་ཡངས་སུ་ཕྱིན་པ་དང་། མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་ཕྱིན་པ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ། མང་ཚོགས་ཀྱི་ལས་བརྩོན་ཕྱུག་འགྱུར་གྱི་ངར་ཤུགས་འཕེལ་བ་བཅས་ཀྱི་རྣམ་པ་མངོན་ཡོད་པ་རེད།
བོད་ལྗོངས་དགའ་བདེ་ཀུང་སིའི་འཕེལ་རྒྱས་དང་གཉེར་སྐྱོང་གིས་བོད་བྱང་ཐང་གི་གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་གསར་པ་བཏོད་པ་དང་། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་དུ་མངོན་བཞིན་ཡོད། འབྲོག་པ་དགའ་བདེས“ཁེ་ལས་ཀྱི་སྣེ་ཁྲིད་འོག་ད་ཆ་འབྲོག་པ་མང་ཚོགས་ཕྱུག་པོ་ཆགས་པ་མ་ཟད། འབྲོག་ཁུལ་གྱི་རྣམ་པར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་བཤད།