
འདི་ནི་ཅུའེ་ཀྲི་སློབ་གསོའི་བྱིས་པའི་འཛིན་གྲྭ་ཆེ་མོའི་སློབ་ཐོན་མཛད་སྒོའི་མཉམ་པར།

འདི་ནི་བྱང་ཆུབ་སློབ་གསོའི་སྲོལ་གཏོད་པ་སྤེན་པ་ཚེ་རིང་ཡིན་པ།
ད་ཆ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཚ་རླབས་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་གང་སར་འཕྱུར་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་ཡར་སླེབས་ཤང་སྔོ་རྭ་གྲོང་ཚོའི་སྤེན་པ་ཚེ་རིང་གིས་ཀྱང་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་ལས་གཏོད་ཀྱི་ལམ་བུར་བསྐྱོད་པ་དང་། ལྷ་སའི་ལས་གཏོད་ཀྱི་ས་གཞི་ཆེ་མོར་ཕུགས་བསམ་གྱི་སྐྱ་བ་འགུལ་ནས་རང་ཉིད་ཀྱིས་བཙུགས་པའི་དམངས་བཙུགས་སློབ་གྲྭ་ཚ་ཚ་འུར་འུར་ངང་གཉེར་བཞིན་མཆིས།
ཁྱིམ་ཚང་གི་རྒྱུ་རྐྱེན་དབང་གིས་སྤེན་པ་ཚེ་རིང་ལོ་16ལ་སླེབས་སྐབས་ཕ་ཡུལ་ནས་ཁ་བྲལ་ཏེ་ཐག་རིང་གི་སྤུན་ཆེད་སྤོ་རུང་ཟླ་བའི་ངོ་སྤྲོད་འོག་བོད་ལྗོངས་དཔལ་བརྩེགས་བོད་ཡིག་གནའ་དཔེ་ཞིབ་འཇུག་ལྟེ་གནས་སུ་སློབ་སྦྱོང་ཐེངས་གཉིས་པ་བྱེད་འགོ་ཚུགས། ཐོག་མར་ལྷ་སར་སླེབས་སྐབས་སྤེན་པ་ཚེ་རིང་གི་བོད་ཡིག་ཆུ་ཚད་ཅུང་དམའ་ལ། སྤྱི་སྐད་དང་དབྱིན་སྐད་ནས་རང་ཉིད་ངོ་སྤྲོད་བྱེད་མི་ཤེས། དཀའ་ངལ་གྱི་མདུན་དུ་ཁོང་གིས་མགོ་བོ་མ་སྒུར་བར་ཕྱོགས་གཅིག་ནས་དགེ་རྒན་གྱིས་དཀྲིས་པའི་ལས་འགན་ནན་ཏན་ངང་ལེགས་སྒྲུབ་བྱས་པ་དང་ཕྱོགས་གཞན་ཞིག་ནས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་བཏང་བ་རེད། བོད་ཡིག་སློབ་གྲྭར་ཞུ་དག་གི་ལས་ཀ་བྱེད་པ་དང་དུས་མཚུངས་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་བཅས་སྐད་རིགས་གསུམ་སློབ་སྦྱོང་ཧུར་ཐག་བྱས། ཉིན་ལྟར་ཞོགས་པའི་ཆུ་ཚོད་5པར་མལ་ལས་ལངས་ཏེ་རང་སྦྱོང་དང་། སློབ་ཁྲིད། ལས་ཀ་བཅས་བྱེད་པ་དང་དགོང་མོའི་ཆུ་ཚོད་12ལ་གཞི་ནས་ངལ་གསོ་རྒྱག་གི་ཡོད། སྤེན་པ་ཚེ་རིང་གིས་འབད་བརྩོན་བྱས་པར་གྲུབ་འབྲས་ཡག་པོ་ཐོབ་ནས་སློབ་སྦྱོང་གི་སྦྱངས་འབྲས་ཨང་དང་པོར་བསླེབས། 2014ལོར་དར་མའི་མཐོ་རྒྱུགས་ལ་ཞུགས་པར་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ནས་བོད་ལྗོངས་སློབ་ཆེན་གྱི་རྩིས་འཁོར་ཉེར་སྤྱོད་ཆེད་ལས་སུ་ཚུད་པ་དང་སློབ་སྦྱོང་གི་ཞོར་ལ་ཐང་ག་སྦྱོང་བ་དང་། ཁོམ་པ་བྱུང་ཚེ་དབྱིན་ཡིག་དང་བོད་སྐད་ཡིག་གི་སློབ་གསོའི་ལས་ཀ་བྱས།
སྐབས་དེ་དུས་སྤེན་པ་ཚེ་རིང་གིས་སློབ་གསོའི་ལས་དོན་པ་ཞིག་བྱེད་པ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་། 2015ལོ་ནས་བཟུང་ཁོང་གིས་བྱང་ཆུབ་སློབ་གསོའི་དུས་འགོའི་ལས་དོན་གྲ་སྒྲིག་བྱེད་འགོ་ཚུགས། གྲ་སྒྲིག་མ་དངུལ་དང་དགེ་རྒན་གདན་ཞུ་སོགས་འགལ་རྐྱེན་དང་དཀའ་ངལ་མང་པོ་འཕྲད་པ་དང་2016ལོར་གཞི་ནས་ལེགས་སུ་འགྲོ་འགོ་ཚུགས། 2017ལོར་གྲོགས་པོས་ཁོང་ལ་མཉམ་ལས་རོགས་ཟླ་ཟླ་བ་རྡོ་རྗེ་ངོ་སྤྲོད་བྱས། ཁོང་གཉིས་པོའི་དགའ་ཕྱོགས་དང་ཕུགས་བསམ་གཅིག་པ་ཡིན་པས། ཕྱར་བ་གྲུ་འདེགས་ཀྱིས་བྱང་ཆུབ་སློབ་གསོ་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་བཏང་བ་རེད། རོགས་ཟླ་ཟླ་བ་རྡོ་རྗེ་ཡང་འབད་འཐབ་ཀྱི་ཕུགས་འདུན་ལྡན་པའི“དགུ་བཅུའི་ནང་སྐྱེས”ཤིག་དང་འགན་འཁུར་བ་དང་སྲོལ་གཏོད་པ་གཅིག་ལྕོགས་ཀྱི་གྲས་ཤིག་རེད། སློབ་ཆེན་སྐབས་ཁོང་ནི་ལས་སློབ་གཉིས་བརྩོན་གྱི་སློབ་མ་ཡག་པོ་ཞིག་རེད། 2014ལོར་སློབ་ཆེན་ཐོན་རྗེས་ཟླ་བ་རྡོ་རྗེས་ཕ་མའི་འདུན་པ་ལྟར་གཞུང་ལས་པར་རྒྱུགས་སྤྲད། ལོ་གཅིག་སོང་རྗེས་ཁོང་གིས་མི་རྣམས་ཡིད་སྨོན་སྐྱེ་འོས་པའི་ལས་ཀ་ནས་དགོངས་པ་ཞུས་ཏེ་ཆེད་མངགས་བོད་ཡིག་སློབ་གྲྭ་ཞིག་འཛུགས་འགོ་ཚུགས།
2018ལོར་སྤེན་པ་ཚེ་རིང་དང་ཟླ་བ་རྡོ་རྗེས་ལོ་དེ་དག་རིང་གི་གསོག་དངུལ་དང་གང་སར་གྲབས་གསོག་བྱས་པའི་སྒོར་ཁྲི་200ལྷག་ཙམ་འཁྱེར་ནས་སློབ་གྲྭ་གཉེར་འགོ་ཚུགས། བྱ་གཞག་གསར་གཏོད་བྱེད་པ་ནི་ཐེངས་གཅིག་ལ་སྒྲུབ་ཐུབ་པ་ཞིག་གཏན་ནས་མིན། དང་ཐོག་མ་དངུལ་དང་ལས་མི་འདང་ངེས་ཤིག་མེད་པས། ལས་དོན་ཚང་མ་དལ་མོར་བསྒྲུབ་རྒྱུ་ལས་མ་འདས། དེས་ན་སློབ་མ་བསྡུ་བ་དང་། རང་གིས་དཔྱད་གཞིའི་ཡིག་ཆ་རྩོམ་སྒྲིག སློབ་ཁྲིད་སོགས་ཚང་མ་རང་གིས་བྱེད་དགོས་ཀྱི་ཡོད། “དཀའ་ལས་ག་ཚོད་འཕྲད་ཀྱང་ངས་སྔར་བཞིན་རང་ཉིད་ཀྱི་ཕུགས་འདུན་མཐའ་འཁྱོངས་བྱས་ཏེ་རང་འདོད་ཀྱི་བྱ་བ་སྒྲུབ་འདོད་ཡོད་ལ། ཕ་མར་ངའི་གདམ་ག་དེ་ཡང་དག་པ་ཡིན་པ་ཤེས་སུ་འཇུག་འདོད་ཀྱང་ཡོད”ཅེས་ཟླ་བ་རྡོ་རྗེས་བརྗོད།
སློབ་གྲྭ་བཙུགས་ནས་ལོ་6སོང་རིང་། སློབ་གྲྭས་ཐོག་མཐའ་བར་གསུམ་དུ་བོད་ཡིག་ཡིག་གཟུགས་དང་བོད་ཀྱི་མིག་མངས་སོགས་ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་ཀྱི་ཡོད། ད་ཆ་བྱང་ཆུབ་སློབ་གསོ་དང་སློབ་མའི་གསོ་སྦྱོང་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་དུ་གྱུར་ནས་བོད་ཡིག་ཡིག་གཟུགས་ཀྱི་དགེ་རྒན་10དང་། སློབ་ཚན་གཞན་དག་གི་དགེ་རྒན་12 རྒྱུན་གཏན་གྱི་བོད་ཡིག་ཡིག་གཟུགས་སློབ་སྦྱོང་བྱེད་མཁན་ཕྲུ་གུ་500ལྷག་ཙམ་བཅས་ཡོད་པ་དང་། ད་བར་ལོ་5ནས་7བར་གྱི་བྱིས་པ་གཙོ་བོར་བྱས་པའི་སློབ་མ་མི་ཐེངས་6000ལྷག་ཙམ་གསོ་སྐྱོང་བྱས།
བྱང་ཆུབ་སློབ་གསོར་ད་དུང་སློབ་ཁྲིད་ཀྱི་ཁྱད་ཆོས་ཤིག་ཡོད་པ་ནི་བོད་ཡིག་དང་བོད་ཡིག་གི་ཡིག་གཟུགས་སློབ་སྦྱོང་དང་ཕྲུ་གུའི་སློབ་སྦྱོང་གི་འཇོན་ཐང་སྐྱེད་སྲིང་ཟུང་འབྲེལ་བྱས་ནས་ཕྲུ་གུ་ཚོས་བོད་ཡིག་དང་བོད་ཡིག་གི་ཡིག་གཟུགས་སྦྱོང་བ་ཙམ་མ་ཟད། སློབ་སྦྱོང་གི་གོམས་གཤིས་དང་བསམ་གཞིག་བྱེད་སྟངས་ཡག་པོ་ཞིག་དེ་བས་འཇགས་ཐུབ་པ་བྱ་རྒྱུ་དེ་རེད། ཕྲུ་གུ་དེ་བས་མང་བས་བོད་ཡིག་ཡིག་གཟུགས་ལ་དགའ་པོ་བྱེད་པ་དང་། ཆུང་དུས་ནས་ཡིག་གཟུགས་སྦྱོང་བའི་སྤྲོ་སྣང་འཕེལ་བར་བྱ་ཆེད། 2017ལོ་ནས་བཟུང་སློབ་གྲྭས་ཆེད་མངགས་ཡིག་གཟུཌ་སྦྱོང་མཁན་ལ《ཀོང་དབྱིབས་བོད་ཡིག་ཡིག་གཟུགས་ཀྱི་མ་དཔེ》གསར་སྤེལ་བྱས་པ་དང་། དེའི་ཁྱད་ཆོས་ནི་དེབ་དེ་བྲིས་ཚར་རྗེས་སྣག་ཚ་རང་འགུལ་ངང་མེད་པར་གྱུར་ནས་དེབ་དེ་ཐེངས་མང་སྤྱོད་ཆོག་པ་དང་ཡིག་གཟུགས་མ་དཔེ་དེར་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་སྤྱོད་གོ་ཆོད་པའི་ཁེ་བེད་བདག་ཐོབ་གསར་པ་ཐོབ།
མིག་སྔར། བྱང་ཆུབ་སློབ་གསོར་དྲ་ཕྱིར་སློབ་ཁྲིད་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པ་མ་ཟད། ད་དུང་སྤྲིན་ཚོམ་སློབ་ཁང་སོགས་བོད་ཀྱི་རིག་གནས་སློབ་སྦྱོང་གི་དྲ་ཐོག་སློབ་ཁྲིད་མཉེན་ཆས་ཤིག་བདེ་བླག་ངང་གསར་སྤེལ་བྱས་པ་དང་། བོད་ཀྱི་རིག་གནས་ཁྱབ་སྤེལ་དང་སྲུང་སྐྱོང་བྱེད་པའི་ལས་སྟེགས་ཤིག་བཏོད་དེ། མི་དེ་བས་མང་བས་མཉེན་ཆས་དེ་བརྒྱུད་བོད་ཀྱི་རིག་གནས་ཤེས་རྟོགས་བྱེད་པ་མ་ཟད། རོལ་རྩེད་ཀྱི་ཞོར་ལ་སློབ་ཁྲིད་བྱེད་པའི་བྱེད་ཐབས་ལ་བརྟེན་ནས། ཚང་མས་བོད་ཀྱི་རིག་གནས་ལ་དགའ་པོ་བྱེད་པ་དང་། བོད་ཀྱི་རིག་གནས་ཁྱབ་སྤེལ་གཏོང་བ། རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་ལ་རམ་འདེགས་ཐུབ་ཀྱི་ཡོད།

འདི་ནི་སློབ་མས་བྱང་ཆུབ་སློབ་གསོར་སྦྱང་ཤིང་དུ་བོད་ཡིག་ཡིག་གཟུགས་སྦྱོང་བཞིན་པ།

འདི་ནི་བྱང་ཆུབ་སློབ་གསོའི་དགེ་རྒན་གྱིས་སློབ་མ་དང་མཉམ་དུ་དབྱིན་སྐད་ནས་རོལ་རྩེད་རྩེ་བཞིན་པ།

འདི་ནི་སྤེན་པ་ཚེ་རིང(གཡོན)དང་ཁོང་གི་ལས་གཏོད་རོགས་ཟླ་ཟླ་བ་རྡོ་རྗེས་བྱ་དགའ་ཐོབ་པའི་སློབ་མར་བྱ་དགའ་སྤྲོད་བཞིན་པ།

འདི་ནི་བྱང་ཆུབ་སློབ་གསོ་ཞིབ་འཇུག་གསར་སྤེལ་གྱི་རབས་དང་པོའི་བོད་ཀྱི་མིག་མངས་ཡིན་པ།

འདི་ནི་སྤེན་པ་ཚེ་རིང(གཡོན)གིས་སློབ་མ་ཚོ་དང་མཉམ་དུ་རིག་ནུས་སློབ་གསོ་ཞིབ་འཇུག་གསར་སྤེལ་གྱི་བོད་ཀྱི་མིག་མངས་འགྲེམས་སྟོན་བྱེད་པ།