དབུ་ཤོག>ཆེད་སྒྲིག
  • འདམ་རའི་འགོག་སྲུང་དྲ་བ་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-24

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན”བྱེད་པའི་འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་ནས། འདམ་རའི་སྐྱེ་ཁམས་བདག་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཧུར་ཐག་བཟོས་པ་དང་ལྗོངས་ཡོངས་ཀྱི་འདམ་རའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་གྱི་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་སྟེ་མཛེས་སྡུག་ལྡན་པ་དང་འཆམ་མཐུན་གྱི་སྐྱེ་ཁམས་ཁོར་ཡུག་གཏོད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་ཡོད།

    ཁྲིམས་ལྟར་བཅོས་སྐྱོང་གིས་ལྗང་མདོག་སྐྱེ་ཁམས་སྲུང་ཡོལ་བཙུགས་པ། 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་དང་འབྲེལ་བའི་གཞི་རྩའི་ཇུས་ཆེན་ཞིག་རེད། ཁྲིམས་སྐྱོང་གི་བསམ་ཕྱོགས་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་དྲ་རྒྱ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཚེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགན་ལེན་བྱེད་ཐུབ་ལ། ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་འགྲོ་ཐུབ་ཅེས་གསུངས་ཡོད། 2004ལོར་རང་ལྗོངས་ཀྱིས《བོད་ཀྱི་འདམ་ར་སྲུང་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། འདམ་རའི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་རྒྱུ་དེ《བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོས་པའི་འགན་འཁྲི་བདའ་འདེད་ཀྱི་ལག་བསྟར་ཞིབ་སྲོལ》ནང་བཅུག་པ་དང་། 2013ལོར《མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བསམ་འཆར》ཡང་བཀྲམ་ནས། འདམ་ར་སྲུང་སྐྱོང་བྱ་རྒྱུ་དེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འཐབ་ཇུས་ནང་བཅུག་པ་རེད།

    མིག་སྔའི་བར་མ་ཕམ་གཡུ་མཚོ་དང་། སྨི་ཏི་ཁ། གསེར་གླིང་མཚོ་བཅས་འདམ་ར་གསུམ་པོ་རྒྱལ་སྤྱིའི་འདམ་ར་གཙོ་བོའི་མིང་གཞུང་ནང་ཚུད་པ་དང་། འདམ་ར་13རྒྱལ་ཁབ་ཀྱི་འདམ་ར་གཙོ་བོའི་མིང་གཞུང་ནང་ཚུད་པ། རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང(ཚོད་ལྟ་བྱ་ཡུལ)22བཙུགས་ཡོད་ཅིང་། ད་ཆ། ལྗོངས་ཡོངས་སུ་སྲུང་སྐྱོང་བྱས་པའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་430.8ཟིན་ཡོད་པ་རེད།

    སྐྱེ་ཁམས་དབུལ་སྐྱོར་བྱས་ནས“མི་སེར་ཕྱུག་ལ་སྐྱེ་ཁམས་མཛེས་པོར”གྱུར་པ།

    སྐྱེ་ཁམས་དབུལ་སྐྱོར་བྱེད་པ་ནི“སྔོ་ཞིང་དྭངས་པའི་རི་ཆུ”སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མཐར“གསེར་རི་དངུལ་རི”དང“སྔོ་ཞིང་དྭངས་པའི་རི་ཆུ”གཉིས་ཟུང་འབྲེལ་བྱས་ནས་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་དེ་རེད། རང་ལྗོངས་ཀྱིས་2015ལོ་ནས་བཟུང་འདམ་ར་གཙོ་བོའི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་སྤྲོད་པའི་ཚོད་ལྟ་བྱ་ཡུལ་གྱི་རྣམ་གྲངས་དངོས་སུ་ལག་བསྟར་བྱས་ཤིང་། ཁ་གསབ་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་བ་བརྒྱུད་འདམ་ར་གསོ་སྐྱོང་དང་འདམ་རར་ཕྱུགས་བཀག་སོགས་ཀྱི་སྲུང་སྐྱོང་བྱེད་ཐབས་ཀྱི་སྐྱེ་ཁམས་ཁ་གསབ་ལམ་ལུགས་བཟོས་པ་རེད། འདམ་ར་གཙོ་བོའི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་སྤྲོད་པའི་ཚོད་ལྟའི་རྨང་གཞིའི་ཐོག་འདམ་ར་བདག་སྐྱོང་པ་དང་ལྟ་འདོམས་པ་བསྡུ་ཚད་མང་དུ་བཏང་ནས་ན་འདམ་དང་། མཚེའུ། ཆུ་བོ་སོགས་རང་བྱུང་འདམ་རར་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་དུད་ཚང་དང་མི་ཚང་མ་དབུལ་སྒྲོལ་ཐུབ་པ་བྱས་ཡོད།

    2014ལོ་ནས་ད་བར། རང་ལྗོངས་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་འདམ་རའི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ཚོད་ལྟའི་མ་དངུལ་སྒོར་དུང་ཕྱུར་1.84དོན་འཁྱོལ་བྱས་ཤིང་། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་4866.8བཏང་ནས་བདག་སྐྱོང་པ་བསྡོམས་737དང་ལྟ་འདོམས་པ་93བསྡུས་ནས་ཚོད་ལྟའི་ཁྱབ་ཁོངས་ཀྱི་སྤྱི་ཆིང་ཁྲི་41.18ཟིན་པའི་འདམ་ར་གཙོ་བོར་བདག་སྐྱོང་བྱས་པ་རེད། དེ་དང་ཆབས་ཅིག་ཞིང་འབྲོག་པ་2127བསྡུས་ནས་ས་གནས་དེ་གའི་འདམ་རའི་ཐོན་ཁུངས་བདག་སྐྱོང(ཆ་སྙོམས་ཀྱི་བདག་སྐྱོང་བྱེད་ཡུན་ལོ་གསུམ་ཡིན་པ)ནང་ཞུགས་པ་དང་། འདམ་ར་བདག་སྐྱོང་དང་སྐྱེ་ཁམས་ལྟ་འདོམས་ཀྱི་ལས་གནས་38839མཁོ་འདོན་བྱས་ཏེ་ཞིང་འབྲོག་པར་འདམ་ར་སྲུང་སྐྱོང་ཁྲོད་ཕན་པ་ཐོབ་པ་བྱས་ནས། འདམ་ར་སྲུང་སྐྱོང་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེཌ་སུ་གཏོང་བ་གཉིས་ཀ་མངོན་འགྱུར་བྱུང་ཡོད།

    གཙོ་གནད་འབུར་ཐོན་གྱིས་འདམ་ར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

    འདམ་ར་སྲུང་སྐྱོང་དོ་དམ་བྱེད་པའི་ལས་དོན་སྒྲུབ་སྐབས། རང་ལྗོངས་ཀྱིས“གཙོ་གནད་འབུར་ཐོན་དང་གནས་ཀྱིས་ཁྱོན་སྣེ་འཁྲིད་པའི”ལས་ཀའི་བསམ་ཕྱོགས་ལ་ནན་པོ་གཞིགས་ནས་འདམ་ར་གཙོ་བོའི་སྲུང་སྐྱོང་ལས་དོན་དོན་འཁྱོལ་ནན་པོ་བྱས་པ་མ་ཟད། རྒྱལ་སྤྱིའི་འདམ་ར་གཙོ་བོའི་བདག་སྐྱོང་ལས་དོན་དམིགས་སུ་བཀར་ནས་བཀོད་སྒྲིག་བྱས་པ་རེད།

    དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ནགས་ལས་གཙོ་གཉེར་སྡེ་ཚན་གཙོ་བོར་བྱས་ནས་ཞིང་འབྲོག་པའི་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་པར་རྣམ་པ་སྣ་ཚོགས་པའི་ལག་རྩལ་གསོ་སྦྱོང་རབ་དང་རིམ་པ་བྱས་པ་རེད། རྫོང་ཁག་གི་ནགས་ལས་གཙོ་གཉེར་སྡེ་ཚན་གྱིས་ཞིང་འབྲོག་པའི་སྐྱེ་ཁམས་སྲུང་སྐྱོང་པ་གཅིག་གྱུར་སྒྲིག་འཛུགས་ཀྱིས་ལག་རྩལ་གསོ་སྦྱོང་བྱས་པ་དང་། འདམ་རའི་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་དང་འདམ་ར་སྲུང་སྐྱོང་སླར་གསོའི་རྣམ་གྲངས་སོགས་ལ་ལག་རྩལ་གསོ་སྦྱོང་ངེས་ཅན་བྱས་པ། གྲོང་སྡོད་ལས་དོན་རུ་ཁག་ཁག་གཅིག་གིས་སྐྱེ་ཁམས་སྲུང་སྐྱོང་པ་སྒྲིག་འཛུགས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་ལས་སྒོའི་སློབ་སྦྱོང་དང་གསོ་སྦྱོང་བྱས་པ་རེད། ནགས་ལས་གཙོ་གཉེར་སྡེ་ཚན་གྱིས་དུས་ཡུན་རིང་པོ་ཕན་བདེ་པ་མཐུན་ཚོགས་དང་དབན་ཁོའོ་ཐེབས་རྩ་ལྷན་ཚོགས་སོགས་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་དང་མཉམ་ལས་བྱས་ཏེ་སྲུང་སྐྱོང་ཁུལ་དང་། འདམ་ར་གཙོ་བོར་སྡེ་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་པ་སྒྲིག་འཛུགས་ཀྱིས་རྩལ་ནུས་གསོ་སྦྱོང་ཚོད་ལྟའི་ལས་དོན་སྤེལ་བས་ལག་རྩལ་གསོ་སྦྱོང་དང་རྩལ་ནུས་སློབ་སྦྱོང་བརྒྱུད་བདག་སྐྱོང་པའི་འཇོན་ཐང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།

    འབད་བརྩོན་རྒྱུན་འཁྱོངས་ལྷོད་མེད་བྱས་པ་བརྒྱུད། རང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། མིག་སྔའི་བར། རང་ལྗོངས་ཀྱི་འདམ་ར་བདག་བཟུང་བྱེད་ཚད་སྤྱི་ཆིང་ཁྲི་652.9བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་འདམ་ར་སྲུང་སྐྱོང་བྱེད་ཚད་68%ཡན་ཟིན་ཡོད། རང་ལྗོངས་ཀྱི་འདམ་ར་ནི་ནུབ་བྱང་རྒྱུད་དུ་གཅིག་སྡུད་གནས་ཡོད་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་7གྱི་ཁྲོད་ནས་ནག་ཆུ་གྲོང་ཁྱེར་གྱི་འདམ་རའི་རྒྱ་ཁྱོན་ཆེ་ཤོས་ཡིན་པ་ནི་སྤྱི་ཆིང་ཁྲི་299.3ཟིན་པ་དང་། མངའ་རིས་ས་ཁུལ་གྱི་འདམ་རའི་རྒྱ་ཁྱོན་ཨང་གཉིས་པར་སླེབས་ཀྱི་ཡོད་པ་ནི་སྤྱི་ཆིང་ཁྲི་200.64ཟིན་པ། དེ་ནས་གཞིས་རྩེ་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་རིམ་པ་བཞིན་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།