
འདི་ནི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
གཡང་འཛོམས་ཀྱིས་མཁོ་ཆས་བསྡུ་གསོག་བརྒྱབ་སྟེ་ནོར་ལུག་དེད་ནས་ཁྱིམ་ནས་རྡོག་ཐོན་གྱིས་སྔར་རྒྱུན་བཞིན་མཐའ་མཚམས་ལ་སྐོར་གཡེང་བྱེད་ཞོར་ཕྱུགས་འཚོ་བར་བསྐྱོད། ད་ལྟ་ཆར་ཞོད་ཆེ་བའི་དུས་ཡིན་པས་རི་ལམ་གང་སར་འདམ་རྫབ་ཀྱིས་ཁེངས། མཐའ་མཚམས་ལ་སྐོར་གཡེང་བྱེད་པའི་ལས་ལ་ལོ་བཅུ་གྲངས་གཞོལ་སྟབས་གཡང་འཛོམས་དང་ཁོང་གི་གཅེན་མོ་སྒྲོལ་དཀར་གྱིས་གང་དུ་འགྲོ་དགོས་པ་དང་གང་དུ་རྒྱལ་དར་སྒྲེང་བདེ་བ་ཡོད་པ་གསལ་པོར་ཤེས་ཀྱི་ཡོད།
སྒྲོལ་དཀར། བུད་མེད། ཀྲུང་གུང་ཏང་ཡོན། 1961ལོའི་ཟླ་9པར་སྐྱེས། བོད་ལྗོངས་ལྷུན་རྩེ་རྫོང་ནས་ཡིན་པ་དང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་རེད། གཡང་འཛོམས། བུད་མེད། ཀྲུང་གུང་ཏང་ཡོན། 1963ལོའི་ཟླ་6པར་སྐྱེས། བོད་ལྗོངས་ལྷུན་རྩེ་རྫོང་ནས་ཡིན་པ་དང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་རེད། དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་། གཅེན་གཅུང་གཉིས་ཀྱིས་ཕ་སངས་རྒྱས་ཆོས་འཕགས་ཀྱི་སྣེ་ཁྲིད་འོག“ཁྱིམ་ནི་ཡུལ་སྨད་དང་། རྒྱལ་ཁབ་ནི་ཀྲུང་གོ་ཡིན་པའི”འགྱུར་མེད་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་ཕྱུགས་འཚོ་བཞིན་མཐའ་མཚམས་བསྲུངས་ཡོད།
ཡུལ་སྨད་ཤང་གི་ས་ཁྱོན་སྤྱི་ལེ་ངོས་གྲུ་3000ལྷག་ཙམ་དང་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་3600ལྷག་ཙམ་ཟིན་གྱི་ཡོད། སྔོན་མ་གཞུང་ལམ་མེད་པ་དང་། ཆ་རྐྱེན་ཞན་པ། གྲོགས་མེད་ཁེར་རྐྱང་བཅས་ཡིན་པའི་ཁར་མང་ཚོགས་མང་ཆེ་བ་གནས་སྤོས་པས། སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལས་མེད་པའི“མི་གསུམ་ཤང”དུ་གྱུར། ཕའི་སྣེ་ཁྲིད་འོག་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་སྔ་རྗེས་སུ་ཏང་ལ་ཞུགས་ཏེ་ཕྱུགས་འཚོ་བཞིན་མཐའ་མཚམས་བསྲུངས། ཉིན་ཞིག་ཕས་རས་ཆ་འགའ་ཁྱེར་ཡོང་བ་མཐོང་འཕྲལ། གཅེན་གཅུང་གཉིས་ཀྱིས་ཕས་རང་ཉིད་ལ་གོས་གསར་པ་ཞིག་འཚེམ་མཁན་རེད་སྙམ། བསམ་ཡུལ་ལས་འདས་པ་ཞིག་ལ་ཕས་རས་དེས་སྐར་ལྔའི་དར་དམར་བཟོས་ནས་གྲོང་ཚོའི་མདའ་རུ་བཙུགས་ཏེ“འདི་ནི་ང་ཚོའི་ཀྲུང་གོའི་རྒྱལ་དར་ཡིན་པས་ང་ཚོའི་སྲོག་ལས་ཀྱང་རྩ་ཆེ་བ་ཡོད”ཅེས་བརྗོད་པ་ཁོང་གཉིས་པོས་ད་དུང་ཡང་གསལ་ལེར་དྲན་གྱི་ཡོད། དེ་ནས་བཟུང་། གཅེན་གཅུང་གཉིས་ཀྱིས་མེས་པོས་བཞག་པའི་འབྲོག་ར་དེ་ཡག་པོ་སྲུང་བ་ནི་རྒྱལ་ཁབ་སྲུང་བ་ཞིག་ཡིན་པ་ཤེས།
ད་ཆའི་ཡུལ་སྨད་ཤང་དུ་མི་འབོར་མང་དུ་ཕྱིན་ཏེ“མི་གསུམ་ཤང”ཞེས་པ་དེ་སྔའི་མིང་ཙམ་དུ་གྱུར་ཅིང་། འཚོ་བའི་ཆ་རྐྱེན་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྣེ་ཁྲིད་འོག་ལས་བྱེད་པ་དང་མང་ཚོགས་དེ་བས་མང་བ་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་བའི་དཔུང་ཁག་ནང་ཞུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་བཞིན་ཡོད།
སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ“འབད་འཐབ་པ་ཡག་ཤོས”དང་། “དུས་རབས་ཀྱི་མིག་དཔེ” “རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།