དབུ་ཤོག>ཆེད་སྒྲིག
  • སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་སྐྱིད་སྣང་དོད་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-24

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུར་དམིགས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བའི་གཞི་རྟེན་གལ་ཆེན་ལ་བརྩི་བ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་པའི་ཞིབ་ཕྲའི་གནད་དོན་ལ་གཞིས་ཚུགས་པ། བརྩེ་སེམས་ལ་བརྟེན་ནས་གཞི་རིམ་གྱི་དཀའ་ངལ་དང་མང་ཚོགས་ཀྱི་སེམས་ཁྲལ་ཐག་གཅོད་བྱས་ཏེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དངོས་འབྲེལ་དམངས་གཉེར་དངོས་སྒྲུབ་ཀྱི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ཡོད།

    བཀོད་སྒྲིག་ཞིབ་ཚགས་ཀྱིས་གནད་དོན་ལ་དམིགས་པ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་པ།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས་རང་ལྗོངས་སུ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད། དཀའ་ངལ་ཆེ་ཤོས་ཀྱི་མང་ཚོགས་ནས་འགོ་འཛུགས་པ་དང་། མངོན་གསལ་དོད་ཤོས་ཀྱི་གནད་དོན་ནས་དམ་འཛིན་བྱེད་པ། དོན་དངོས་དང་མཐུན་ཤོས་ཀྱི་ཁེ་ཕན་ནས་འགོ་བཙུགས་ཏེ་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    ཟླ་6ཚེས་7ནས་10ཉིན་བར། ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མཛུབ་ཁྲིད་ཚོགས་ཆུང་དགུ་པ་བོད་དུ་ཡོང་ནས་ལས་དོན་སྤེལ་བ་དང་རང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཚན་པའི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་ཞབས་འདེགས་ཞུ་ཡུལ་ལ་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བར་ཁས་ལེན་བྱས་པ་རེད། ཟླ་6ཚེས་11ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ལས་ཀའི་ཇུས་གཞིར་འགྲེལ་བཤད་བརྒྱབ་པ་རེད།

    གནད་སྨིན་ལ་དམིགས་ནས་གཞི་རིམ་དུ་དམངས་ཀྱི་འདོད་བློར་བརྟག་ཞིབ་བྱས་པ།

    ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་མཐའ་འཁྱོངས་བྱས་ནས“དོན་ཆེན་བཞི”དང“འགན་ལེན་བཞི”དེ་བཞིན་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག “ལྟོ་གོས་ཀྱི་གནད་དོན”ཐག་གཅོད་བྱེད་དགོས་ལ“བསམ་བློའི་གནད་དོན”ཡང་ཐག་གཅོད་བྱེད་པ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ་གཞི་རིམ་དུ་བསྐྱོད་པ་དང་བརྟག་ཞིབ་ཆེན་པོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་གཞི་རིམ་འཕེལ་རྒྱས་ཀྱི་ཞན་ཆར་དམིགས་ཏེ་མང་ཚོགས་ཀྱི་དཀའ་ངལ་དངོས་སེལ་བ་དང་དགོས་མཁོ་རང་འགུལ་ངང་ཐག་གཅོད་ཧུར་ཐག་བྱས་ཡོད།

    ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་ཏང་ཨུད་སྒྱུར་བཅོས་གཞུང་ལས་ཁང་དང་། ཞིང་ལས་དང་གྲོང་གསེབ་ཐིང་། ནགས་རྩྭ་ཅུས་བཅས་ཀྱིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“འགྱུར་ལྡོག་གསུམ”གྱི་སྒྱུར་བཅོས་ལ་དམིགས་ཏེ་གྲོང་ཁྱེར་3དང་། རྫོང(ཆུས)4 ཤང(གྲོང་རྡལ)7བཅས་ལ་བརྟག་ཞིབ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་གསར་གཉིས་རྩ་འཛུགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དེ་བཞིན“འགག་སྒྲོལ་གཉིས”ལ་ཁྱབ་པའི་གནས་ཚུལ་ལ་དམིགས་ནས་བརྟག་ཞིབ་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་ཁག་15གསེད་བཀྲོལ་དང་ཤེས་རྟོགས་བྱས་པ་དང་། ས་གནས་ས་ཐོག་ཏུ་གནད་དོན་ཁག་13ཐག་གཅོད་བྱས་པ། གནད་དོན་ཁག་2ཡུན་རིང་གི་འཆར་འགོད་ནང་བཅུག་པ་བཅས་བྱས་ཡོད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས“བོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་གནད་དོན་ལ་དམིགས་ཏེ་ཚན་རྩལ་དོ་དམ་དང་། ཚན་རྩལ་ཞབས་ཞུ། ཚན་རྩལ་འདེགས་སྐྱོར་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར”དམིགས་ནས་བརྟག་ཞིབ་ལས་འགན་ཁག་18ལེགས་སྒྲུབ་བྱས་པ་དང་། གནད་དོན་42གསེད་བཀྲོལ་བྱས་པ། བསམ་འཆར་དང་གྲོས་འགོ་62བཏོན་པ་དང་མིག་སྔར་གནད་དོན་12ཐག་གཅོད་བྱས་ཡོད་པ་རེད།

    མིག་སྔའི་བར་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་བརྟག་ཞིབ་ཐེངས་12170ལྷག་ཙམ་བྱས་པ་དང་། མངོན་གསལ་དོད་པའི་གནད་དོན་16857གསེད་བཀྲོལ་བྱས་པ། མང་ཚོགས་ཀྱིས་བཏོན་པའི་གནད་དོན་9027ཐག་གཅོད་བྱས་པ། མང་ཚོགས་ལ་བྱ་བ་དངོས་65603བསྒྲུབས་པ་བཅས་རེད།

    དོན་དངོས་ལ་དམིགས་ཏེ་བྱ་བ་བཟང་པོ་ཡག་པོ་བསྒྲུབས་པ།

    ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་རྒྱུ་དེ་ཉམས་མྱོང་ཕྱོགས་སྡོམ་དང་། དངོས་ཡོད་ལ་ལྟ་བ། ལས་དོན་ལ་སྐུལ་འདེད། གནད་དོན་ཐག་གཅོད་བཅས་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་གནད་སྨིན་སྦྲེལ་མཐུད་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ལ་དམིགས་ཏེ་བྱ་བ་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཡོད།

    ཉེ་ཆར། མངའ་རིས་ས་ཁུལ་གྱིས་མི་དམངས་ཁྲིམས་ཁང་གི“འཚམས་འདྲི་ཆེ་མོའི”བྱེད་སྒོ་སྤེལ་ནས་རིགས་གཉིས་ཀྱི་གྱོད་གཞི་692གྱོད་ཐག་བཅད་པ་དང་། མ་དངུལ་སྒོར་ཁྲི་640ལྷག་ཙམ་དོན་འཁྱོལ་བྱས་པ། མི་གྲངས་865ལ་འཚམས་འདྲི་བཅས་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་གིས་དྲ་དམངས་ཀྱིས་ལན་འཕྲིན་འཇོག་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་དུས་ཐོག་ཏུ་ཡིག་ཐོག་ནས་བརྡ་ཐོ་གཏོང་བ་དང་མཐུན་སྦྱོར་གྱིས་དྲ་གྲོགས་9ལ་ངལ་རྩོལ་རྩོད་གཞི་དང་གླ་ཕོགས་འགྱངས་ཆད་སོགས་ཀྱི་གནད་དོན་ཁག་8ཐག་གཅོད་འོས་འཚམ་བྱས་པ་དེ་མ་དངུལ་སྒོར་ཁྲི་18.98དང་འབྲེལ་བ་ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་དྲ་རྒྱའི་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་སུ་དམངས་འཚོའི་རིགས་དང་འབྲེལ་བའི་དྲ་རྒྱའི་གླེང་ཕྱོགས་ཀྱི་བརྡ་ཁྱབ་ཐེངས་60ལྷག་ཙམ་རྩོམ་སྒྲིག་པར་སྐྲུན་བྱས་པས་མང་ཚོགས་1000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། ཟླ་5པའི་བར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་78རྩད་ཆོད་པ་དང་། དངུལ་ཁང་གི་རྩིས་ཁྲ་3459བསྡམས་བཅད་བྱས་པ། གྱོད་འབྲེལ་དངུལ་ཁང་གི་རྩིས་ཁྲ་6829སྤྱོད་མཚམས་བཞག་པ། མང་ཚོགས་ལ་མགོ་སྐོར་ཐེབས་པའི་མ་དངུལ་སྒོར་ཁྲི་671.67ཕྱིར་སློག་བྱས་པ། ཉེས་གསོག་དོགས་ཅན་112འཛིན་བཟུང་བྱས་པ་བཅས་དང་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་སྒོར་ཁྲི་6000བཏང་ནས་འཚོ་བའི་གད་སྙིགས་དང་། འཚོ་བའི་བཙོག་ཆུ། གསང་སྤྱོད་ཀྱི་བཙོག་ཆུ་བཅས་བཅོས་སྒྲིག་དང་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་སོགས་ལ་དམིགས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།