འདི་ནི་ཐུའུ་ཡིའུ་ཡིའུ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
ཐུའུ་ཡིའུ་ཡིའུ། བུད་མེད། 1930ལོའི་ཟླ་12ཚེས་30ཉིན་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དུ་འཁྲུངས། སྨན་རྫས་རིག་པ་མཁས་ཅན། 1951ལོར། ཐུའུ་ཡིའུ་ཡིའུ་པེ་ཅིང་གསོ་རིག་སློབ་གླིང་གི་སྨན་རྫས་རིག་པའི་ཚན་ཁག་ཏུ་རྒྱུགས་འཕྲོད། 1955ལོར་སློབ་གྲྭ་ཐོན་རྗེས། འཕྲོད་བསྟེན་པུའི་ཀྲུང་ལུགས་གསོ་རིག་ཞིབ་འཇུག་གླིང་གི་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་ཁང་དུ་ལས་བགོས་བརྒྱབ། ད་ལྟ་ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་དབུ་བཞུགས་ཚན་རིག་མཁས་ཅན་དང་། ཚེ་གང་ཞིབ་འཇུག་པ་དང་དབུ་བཞུགས་ཞིབ་འཇུག་པ་གཅིག་ལྕོགས། ཆིང་ཧའོ་སུའུ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཡིན་པ་དང་། 2015ལོར་ནོ་པེར་སྐྱེ་ཁམས་རིག་པའམ་གསོ་རིག་གི་བྱ་དགའ་ཐོབ་པ་རེད།
དུས་རབས་20པའི་ལོ་རབས་60པར། འདར་ནད་འགོག་པའི་ཁིལ་ཁུན་གྱི་ནུས་པ་ཉམས་ནས་མིའི་རིགས་ལ་འདར་ནད་ཀྱི་གནོད་འཚེས་གཙེས་པའི་གནས་ཚུལ་འོག ཐུའུ་ཡིའུ་ཡིའུ་ཡིས་རྒྱལ་ཁབ་ཀྱི་འདར་ནད་འགོག་བཅོས་ཞིབ་འཇུག་རྣམ་གྲངས“523”གཞུང་ལས་ཁང་གི་དཀའ་ཚེགས་ཆེ་བའི་འདར་ནད་འགོག་པའི་ཞིབ་འཇུག་ལས་འགན་དང་ལེན་གནང་བ་རེད། 1969ལོར་འཕྲོད་བསྟེན་པུའི་ཀྲུང་ལུགས་གསོ་རིག་ཞིབ་འཇུག་ཁང་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་ཁང་གི་དངོས་སྦྱོང་ཞིབ་འཇུག་པ་ཐུའུ་ཡིའུ་ཡིའུ་ཡིས་ཀྲུང་ལུགས་སྨན་རྫས་ལས་འདར་ནད་འགོག་པའི་ཞིབ་འཇུག་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་བཞེས།
ཀྲུང་ལུགས་གསོ་རིག་གི་བསྟན་བཅོས་ལེགས་སྒྲིག་བྱས་པ་དང་ཀྲུང་ལུགས་གསོ་རིག་གི་སྨན་པ་རྒན་གྲས་ལ་བཅར་འདྲི་གནང་བ་བརྒྱུད། ཁོང་གིས་འདར་ནད་བཅོས་པའི་ཀྲུང་ལུགས་གསོ་རིག་གི་གསང་ སྨན་སྦྱོར་རྫས་སྣ་ཁ་640ལྷག་ཙམ་ཕྱོགས་བསྒྲིགས་གནང་བ་རེད། ཐུའུ་ཡིའུ་ཡིའུ་ཚོགས་པས་མཐར་1972ལོར་ཆིང་ཧའོ་སུའུ་རྙེད།
2000ལོ་ནས་བཟུང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཆིང་ཧའོ་སུའུ་རིགས་ཀྱི་སྨན་རྫས་དེ་འདར་ནད་འགོག་པའི་སྨན་ཡག་གྲས་སུ་བརྩིས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི《འདར་ནད་དངོས་ཀྱི་གནས་ཚུལ》ཞེས་པའི་ནང་2000ལོ་ནས་2015ལོ་བར་གོ་ལ་ཧྲིལ་པོའི་ལོ་ཚད་ཁག་གི་ཉེན་ཆེའི་མི་ཚོགས་ཁྲོད་འདར་ནད་ཕོག་ནས་འཆི་ཚད་60%ཆག་པ་དང་། ལོ་5མན་གྱི་བྱིས་པ་འཆི་ཚད་65%ཆག་ཡོད་པ་རེད།
ཐུའུ་ཡིའུ་ཡིའུ་ལ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་དང“འབད་འཐབ་པ་ཡག་ཤོས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། 2019ལོར་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་ཡོད།