དབུ་ཤོག>ཆེད་སྒྲིག
  • མའོ་ཡེ་ཧྲེང་། ཀྲུང་གོའི་དེང་རབས་ཟམ་པ་རྒྱག་མཁན་གྱི་མཁས་དབང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། དབྱིན་ཞའོ་ཡུས།   |     སྤེལ་དུས།  2021-06-22

    682324_yis_1624291200000_s.jpg

    འདི་ནི་མའོ་ཡེ་ཧྲེང་གི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས) 

    མའོ་ཡེ་ཧྲེང་ནི་ཅང་སུའུ་ཀྲེན་ཅང་ནས་ཡིན་པ་དང་1896ལོར་འཁྲུངས། སློབ་འབྲིང་ཐོན་རྗེས་མའོ་ཡེ་ཧྲེང་ཐང་ཧྲན་བཟོ་ལས་ཆེད་དམིགས་སློབ་གྲྭའི་ཨར་ལས་བཟོ་སྐྲུན་ཚན་ཁག་དུ་རྒྱུགས་འཕྲོད། 1916ལོར་སློབ་གྲྭ་ཐོན་རྗེས་ཆིང་ཧྭ་སློབ་གྲྭས་འགྲོ་སོང་བཏང་སྟེ་ཨ་རིར་སློབ་སྦྱོང་ལ་བཏང་། 1917ལོར་ཁང་ནེར་སློབ་ཆེན་ཞིབ་འཇུག་ཁང་གི་ཆེད་ལས་རྡོ་རམས་པའི་སློབ་གནས་བླངས་པ་དང་། 1919ལོར་ཨ་རིའི་ཅ་ལི་ཅི་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་གི་བཟོ་སྐྲུན་རིག་པའི་འབུམ་རམས་པའི་སློབ་གནས་བླངས། 1919ལོའི་ཟླ་12པར་མའོ་ཡེ་ཧྲེང་གིས་ཐེ་ཚོམ་སྤུ་ཙམ་མེད་པར་རྒྱལ་ནང་དུ་ལོག

    1933ལོའི་ཟླ་3པར་ཁོང་ཆན་ཐང་ཅང་གཙང་པོར་ཟམ་ཆེན་རྒྱག་པར་གདན་དྲངས། 1937ལོར་ཆན་ཐང་ཅང་ཟམ་ཆེན་ཐོག་འཁོར་རིགས་ཤར་གཏོང་ཐུབ་པ་དང་། དེ་ནི་ཀྲུང་གོས་རང་བརྟེན་ཇུས་འགོད་དང་བཟོ་སྐྲུན་བྱས་པའི་ཉིས་བརྩེགས་ཀྱི་ལྕགས་ལམ་དང་གཞུང་ལམ་གཉིས་ཀ་ཡོད་པའི་ཟམ་པ་དང་པོ་དེ་རེད། འཁོར་རིགས་ཤར་གཏོང་ཐུབ་ནས་ཡུན་རིང་མ་སོང་བར་མའོ་ཡེ་ཧྲེང་ལ་ཟམ་ཆེན་གཏོར་དགོས་པ་ལས་རི་པིན་དམག་གིས་བཟུང་སྤྱོད་བྱེད་དུ་འཇུག་མི་ཉན་པའི་བཀའ་རྒྱ་འབྱོར། མའོ་ཡེ་ཧྲེང་ལ་སྙིང་ལ་གྲི་བཙུགས་པ་ལྟར་གྱི་ན་ཟུག་བཏང་ཡང་བཀའ་རྒྱ་ལག་ལེན་བསྟར་ཡོད། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ཁོང་གིས་སྲུང་སྐྱོང་ཞིབ་ཚགས་བྱས་པའི་དཔྱད་གཞི་སྒམ་14དེ་དག་འཁྱེར་ཏེ་ཧང་ཀྲོའུ་རུ་ལོག་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ཆན་ཐང་ཅང་ཟམ་ཆེན་བསྐྱར་སྐྲུན་གནང་།

    1955ལོ་ནས་1957ལོ་བར་མའོ་ཡེ་ཧྲེང་གིས་ཝུའུ་ཧན་འབྲི་ཆུའི་ཟམ་ཆེན་ལག་རྩལ་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གནང་བ་དང་ཁོང་གིས་རང་རྒྱལ་གྱི་འབྲི་ཆུ་བརྒལ་བའི་ཟམ་ཆེན་དང་པོ་ཡིན་པའི་ཝུའུ་ཧན་འབྲི་ཆུའི་ཟམ་ཆེན་བསྐྲུན་རྒྱུའི་ལས་འགན་འཁུར། 1957ལོའི་ཟླ་9ཚེས་25ཉིན་ཟམ་ཆེན་བསྐྲུན་ཟིན་པ་རེད། གཞན་ཡང་ཁོང་གིས་དགུ་གསུམ་སློབ་ཚོགས་ཀྱི་སྐབས་ལྔ་པ་ནས་བདུན་པ་བར་གྱི་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་། སྐབས་བརྒྱད་པའི་ཀྲུང་དབྱང་གི་མཚན་འཛིན་ཀྲུའུ་ཞི། སྐབས་དྲུག་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་གནང་མྱོང་།

    མའོ་ཡེ་ཧྲེང་གིས་ཚེ་གང་ཟམ་པ་རྒྱག་སྟངས་སྦྱོང་བ་དང་། ཟམ་པ་རྒྱག་པ། ཟམ་པའི་འཆར་འགོད་འབྲི་བ་བཅས་ལ་གཞོལ་གནང་བ་དང་། ཀྲུང་ཕྱིའི་ཚགས་པར་དང་དུས་དེབ་ཐོག་རྩོམ་ཡིག་200ལྷག་ཙམ་སྤེལ་ཡོད། ཁོང་གིས《ཀྲུང་གོའི་གནའ་བོའི་ཟམ་པ་རྒྱག་སྟངས་ཀྱི་ལོ་རྒྱུས》དང《ཀྲུང་གོའི་ཟམ་པའི་གནའ་དེང》གཙོ་སྒྲིག་གནང་བ་དང《ཆན་ཐང་ཅང་ཟམ་པ》སོགས་བརྩམས་གནང་སྟེ། རང་རྒྱལ་གྱི་ཟམ་པའི་ལས་གྲྭ་འཛུགས་སྐྲུན་བྱ་གཞག་ལ་ཕུལ་བྱུང་ལེགས་སྐྱེས་ཕུལ་ཡོད། 1987ལོའི་ཟླ་10པར་མའོ་ཡེ་ཧྲེང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1989ལོའི་ཟླ་11ཚེས་12ཉིན་ནད་གཞིས་རྐྱེན་པས་སྐུ་གཤེགས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།