འདི་ནི་ཁྲང་ཤང་ཡུས་ཀྱི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
ཁྲང་ཤང་ཡུས་ལ་ཐོག་མར་ཀྲང་མེའོ་ལིང་ཟེར་ཞིང་། 1923ལོར་ཧོ་ནན་ཀུང་དབྱི་རུ་འཁྲུངས། ལོ་9ནས་ཕ་དང་མཉམ་དུ་སྒྱུ་རྩལ་སྦྱངས།
ཁྲང་ཤང་ཡུས་ཀྱི་འཚོ་བ་ཧ་ཅང་བབ་ཆགས་ཤིང་། མི་རྣམས་ཀྱིས་དོ་སྣང་དེ་ཙམ་མི་བྱེད་པའི་ཁང་པ་ཐོག་གཅིག་མ་ཆུང་ཆུང་ཞིག་ནང་ལོ་17བཞུགས་ཡོད། ཁོང་གི་སྐུ་ཚེ་ཧྲིལ་པོར་གྱོན་གོས་ལ་ལྷན་པ་རྒྱག་སྐྱོར་དང་འཚེམ་སྐྱོར་བྱེད་པ་ལས་གྱོན་གོས་གསར་པ་གྱོན་པ་ཧ་ཅང་ཉུང་ཉུང་རེད། སྔས་མགོའང་གྱོས་གོས་རྙིང་པས་བཏུམས་ནས་བཟོས་པ་ཞིག་རེད། འཇིག་རྟེན་ལས་ཞལ་གྱེས་དུས་ཀྱང་། ཁོང་གིས་གྱོན་པ་ནི་སྔར་བཞིན་ཚེ་གང་རིང་ཧ་ཅང་གྱོན་དགའ་ཤོས་ཀྱི་གྱོན་ཆས་རྙིང་པ་དེ་རེད།
1951ལོའི་དབྱར་ཁར། རྒྱལ་ཡོངས་སུ་ཨ་འགོག་ཁྲའོ་རོགས་ཀྱི་ཚ་རླབས་འཕྱུར། ཁྲང་ཤང་ཡུས་ཀྱིས་ཟློས་གར་ཁང་གི་སྐྱེལ་འདྲེན་ལྗིད་ཐེག་རླངས་འཁོར་བཙོངས་པ་དང་། གསེར་གྱི་མཛུབ་དཀྲིས་ཕུད་པ། ལོ་མང་རིང་བསགས་པའི་དངུལ་བཏོན་པ་བཅས་བྱས་ནས་འོས་འགན་འཁྲབ་སྟོན་ལ་ཞལ་འདེབས་ཕུལ་བ་རེད། ལོ་ཕྱེད་ཙམ་རིང་། ཁོང་གིས་ཤང་ཡུས་ཟློས་གར་ཁང་གི་སྣེ་འཁྲིད་དེ་ཀྲུང་གོ་ཕྱེད་ཀ་ལྷག་ཙམ་ལ་བསྐྱོད་པ་དང་འོས་འགན་འཁྲབ་སྟོན་བྱས་པའི་ཞལ་འདེབས་དངུལ་གྲངས་སྒོར་དུང་ཕྱུར་15.2ལྷག་ཙམ་ཟིན་ནས་དམག་འཐབ་གནམ་གྲུ་ཞིག་ཞལ་འདེབས་སུ་འབུལ་རྒྱུའི་ལས་འགན་བསྒྲུབས་ཡོད།
ཟློས་གར་འཁྲབ་དགོས་ན་སྔོན་ལ་མི་ཚུལ་ལྡན་ཞིག་བྱེད་དགོས་པ་དང་། ཀུན་སྤྱོད་མེད་ན་ཟློས་གར་ཡག་པོ་འཁྲབ་དཀའ། སྤྱོད་ཡོན་གཉིས་ལྡན་ནི་ཁྲང་ཤང་ཡུས་ཀྱིས་ཚེ་གང་དོན་གཉེར་གནང་བ་ཞིག་རེད། ཁྲང་ཤང་ཡུས་དང་ཁོང་གིས་འགོ་ཁྲིད་པའི་ཟློས་གར་ཚོགས་པས་ཐོག་མཐའ་བར་གསུམ་དུ“གསུམ་གསུམ་གསུམ་ལམ་ལུགས”ཀྱི་འཁྲབ་སྟོན་རྒྱུན་འཁྱོངས་བྱེད་པ་སྟེ། གྲོང་གསེབ་ཏུ་ཟླ་གསུམ་སྡོད་པ་དང་། བཟོ་གཏེར་ཁུལ་དུ་ཟླ་གསུམ་སྡོད་པ། དམག་དཔུང་དུ་ཟླ་གསུམ་སྡོད་པ་བཅས་བྱས་ཏེ་གཞི་རིམ་གྱི་ལྟད་མོ་བ་རྣམས་ལ་སྐོར་སྐྱོད་འཁྲབ་སྟོན་བྱེད་ཀྱི་ཡོད།
2003ལོའི་ལོ་མཇུག་ཏུ། དགུང་ལོ་80ལ་ཕེབས་པའི་ཁྲང་ཤང་ཡུས་ལ་སྐྲན་ནད་ཕོག་ནས་པེ་ཅིང་གི་སྨན་ཁང་ལ་སྡོད་དགོས་བྱུང་། ཁོང་གིས་ཨོ་ལིམ་ཕིག་གི་ལྟེ་བའི་ལས་ཡུལ་དུ་ཆེད་མངགས་ཧོ་ནན་གྱི་ཞིང་པ་ལས་མིར་འཚམས་འདྲི་བྱེད་པའི་འཁྲབ་སྟོན་ཞིག་ཡོད་པ་མཁྱེན་སྐབས“གལ་སྲིད་ང་རང་ཡར་ལངས་ཐུབ་ཚེ་འཁྲབ་སྟོན་བྱ་ཡུལ་དེ་རང་དུ་འགྲོ་གི་ཡིན། སྐད་ཆ་ཚིག་ཁ་ཤས་ལས་ཤོད་མ་ཐུབ་ཀྱང་ཆོག”ཅེས་གསུངས་ཏེ་གཟུགས་པོ་སྐྱོ་བར་མ་བལྟོས་པར《ལིའུ་ཧོ་དབན》ཞེས་པའི་གཞས་དེ་བཏང་གནང་བ་དེ་ནི་ཁོང་གི་སྐུ་ཚེ་ཧྲིལ་པོའི་གར་སྟེགས་ཐོག་གི་གཞས་མཇུག་ཤོས་ཤིག་ཏུ་གྱུར།
2004ལོར། ཁྲང་ཤང་ཡུས་ལ“མི་དམངས་ཀྱི་སྒྱུ་རྩལ་མཁས་ཅན”ཞེས་པའི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་གནང་བ་དང་། “འབད་འཐབ་པ་ཡག་ཤོས”དང་། “རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང”“རྒྱལ་ཡོངས་ཀྱི་ཕུལ་བྱུང་རིག་རྩལ་ལས་དོན་པ”བཅས་ཀྱི་མཚན་སྙན་ཐོབ་ཡོད།