ཉེ་དུས་གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་དུ་གཏོང་བའི་འཐབ་ཇུས་ལ་དམིགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱེ་འགོག་བྱེ་བཅོས་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་བྱས་པ་དང་། གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱས་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་དང་བྱེ་ཐང་བཅས་མ་ལག་བཅོས་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་བ། བྱེ་འགོག་བྱེ་བཅོས་ཀྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ནན་ཏན་བྱས་ཏེ། བྱེ་འགོག་བྱེ་བཅོས་ལས་གྲྭ་སྣ་ཚོགས་སྤྱི་ཆིང་ཁྲི་13.93ལེགས་གྲུབ་བྱུང་བ་དང་མ་དངུལ་སྒོར་དུང་ཕྱུར་5.23བཏང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”བྱེ་འགྱུར་ས་ཆ་བཅོས་སྐྱོང་གི་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱིས་རྒྱལ་ཁབ་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་ཁུལ་3བསྐྲུན་པ་དང་། བཀག་སྡོམ་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་3ཙམ་ཟིན་པ། མ་དངུལ་སྒོར་ཁྲི་5138བཏང་བས། གཙོ་གནད་ས་ཁུལ་བྱེ་འགྱུར་གཞི་རྒྱ་ཆེ་རུ་འགྲོ་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཡོད། བཅོས་སྐྱོང་མ་ལག་ཐད་རང་ལྗོངས་སུ“བྱེ་མ་འབྱུང་རྩ་ནས་འགོག་པ་དང་། རླུང་ཤུགས་ཆུང་དུ་གཏོང་བ། བྱེ་རྡུལ་ལངས་རྒྱུ་འགོག་པ། སྔོ་ཁེབས་མང་དུ་གཏོང་བ”བཅས་ཀྱི་ལུང་གཞུང་གི་བྱེ་འགོག་བྱེ་བཅོས་ཀྱི་ལག་རྩལ་མ་ལག་གྲུབ་ཡོད། དེ་བཞིན“ཆུ་བེད་ཀྱི་ལེ་ལག་ཆ་ཚང་པོ་བཟོས་པ་དང་། ལས་གྲྭའི་བྱ་ཐབས་ནན་པ། ཐབས་མང་མཉམ་སྤྱོད་ཀྱི་འདུས་གྲུབ། སྐྱེ་དངོས་གཏན་འཇགས་མངོན་འགྱུར”བཅས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་རྣམ་པ་ཞིག་ཆགས་ནས་བྱེ་འགོག་རྩྭ་དྲ་མིག་འདེབས་པ་དང་། ལྕང་མ་འཛུགས་པ། བྱེ་འགོག་དྲ་བ་སོགས་འཕྲུལ་ཆས་ཀྱི་བྱེ་འཇགས་ཐབས་ལམ་སྤྱད་པ་དང་སྡོང་རིང་ལྗོན་ཤིང་དང་། སྡོང་ཐུང་། རྩྭ་བཅས་ཟུང་འབྲེལ་གྱི་སྐྱེ་དངོས་ཀྱི་རླུང་འགོག་བྱེ་འཇགས་ཐབས་ལམ་སྤྱད་པས། བྱེ་ཁུལ་ལ་འཚམ་པའི་སྐྱེ་དངོས་ཚོད་འདེབས་བདེ་བླག་བྱུང་བ་དང་ཡུལ་དེ་གར་སྐྱེ་འཚར་ལེགས་པའི་ཤིང་རིགས་རྒྱ་སྐྱེད་བཏང་སྟེ། བྱེ་འགོག་བྱེ་བཅོས་ལས་དོན་མགྱོགས་མྱུར་སྤེལ་བར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད། “འགོག་སྲུང”དང“བཅོས་སྐྱོང”གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བྱེ་ཁུལ་གྱི་སྔོ་ཁེབས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། བྱེ་ཁུལ་གྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་དང་བྱེ་ཁུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ལམ་ལུགས་དོན་འཁྱོལ་བྱེད་པ། ཚན་པའི་བྱེ་ས་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་སོགས་ཀྱི་འགོག་བཅོས་བྱེད་ཐབས་བརྒྱུད། རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་བཏོན་པའི་བྱེ་འགོག་བྱེ་བཅོས་དང་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྱོང་གི་འགན་ལེན་བྱེད་ཐབས་དང་ཟུང་འབྲེལ་བྱས་པས། ལྗོངས་ཡོངས་ཀྱི་བྱེ་ས་རྒྱ་ཆེར་འགྲོ་བའི་རྣམ་པ་ལེགས་སུ་ཕྱིན་པ་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་ཆུ་ངོགས་དང་། ལྷ་ས་སྐྱིད་ཆུ། སེང་གེ་ཁ་འབབ་རྒྱུག་ཁུལ་སོགས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་བཏང་བས། བྱེ་རླུང་དང་། བ་ཚྭ། ཐན་པ་སོགས་ཀྱི་གནོད་འཚེ་ཉུང་དུ་ཕྱིན་ཡོད་པ་རེད།