བོད་ཤར་ས་མཐོར་གྲང་རླུང་འུར་འུར་དུ་ལྡང་ཞིང་། དམག་མི་གཅིག་གིས་ལྗིད་ཚད་སྤྱི་རྒྱ་30ཕྲག་ཏུ་འཁུར་ཏེ་ལ་རྒྱབ་ཀླུང་བརྒལ་གྱིས་སྤྱི་ལེ་20ཡི་སར་བསྐྱོད་པ་དང་། ལམ་བར་ཐོལ་བྱུང་གནས་ཚུལ་མང་པོ་ཞིག་ཐག་གཅོད་བྱས་ནས་དམིགས་སའི་ས་ཁོངས་སུ་སླེབས་སྐབས་འཕྲལ་མར་མེ་སྒྱོགས་དང་མཐོ་འཕེན་མེ་མདའ་སྦག་སྦག་ལྕི་རིགས་རྒྱག་སྟངས་སྦྱོང་བ་སོགས་བོད་སྡོད་ཤོག་སྒྲིག་དཔུང་ཚོགས་77པའི་ལུའེཤོག་ཅིག་གིས་ས་བབ་མཐོ་ཚད་སྨི་3400ཡི་གྲོག་རོང་ཞིག་ཏུ་སྦྱོང་བརྡར་བྱེད་འགོ་ཚུགས།
དམག་དཔུང་དེ་ནི་དེ་སྔའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པ་ཡིན་ཞིང་། 1950ལོར་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་ཚོས་བོད་དུ་དཔུང་སྐྱོད་བྱས་ཏེ་བོད་ལ་བཅིངས་འགྲོལ་གཏོང་འགོ་བརྩམས་པ་དང་། “དཀའ་སྡུག་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི”འབོད་ཚིག་དེ་ཁོང་ཚོས་བསྐྲུན་པའི་ཁམས་བོད་གཞུང་ལམ་དུ་གྲགས།
“ཡུལ་དུས་ལ་འགྱུར་བ་སོང་རུང་ནམ་ཡང་མི་འགྱུར་བ་ནི་ཁྲག་རྒྱུན་དང་གཞི་རྒྱུ་དེ་རེད” ལུའེ་ཤོག་དེའི་འགོ་ཁྲིད་ཀྱིས་གསར་འགོད་པར་མ་གཞི་དཔུང་སྡེར་ལེགས་སྒྲིག་སྒྱུར་བཅོས་ཐེངས་མང་བྱས་མོད། འོན་ཀྱང“དཀའ་སྡུག་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི”དམག་འཐབ་འབོད་ཚིག་དེ་ཇེ་གསལ་དུ་སོང་ཡོད། “མི་སྐྲག་པ་གཉིས”ཀྱི་སྙིང་སྟོབས་དེ“ཁབ་ལེན་རྡོ”ཆེན་པོ་ཞིག་དང་འདྲ་བར་དཔུང་སྡེའི་དཔོན་དམག་རྣམས་གོང་བུ་གཅིག་ཏུ་བསྒྲིལ་ནས་དཔོན་དམག་མི་རབས་ནས་མི་རབས་ས་མཐོར་རྩ་བ་ཚུགས་པ་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་གི་ཡོད་ཅེས་བཤད།
2017ལོར་ལུའེ་ཤོག་དེའི་དཔོན་དམག་ཚོས་སྔོན་བྱོན་པའི་རྐང་རྗེས་དེད་དེ་སི་ཁྲོན་ནས་ལེ་དབར་སྟོང་གི་སར་གནས་པའི་བོད་དུ་སྤོས་ནས་སྔོན་བྱོན་པ་ཚོས་རྒྱལ་ཁ་ལེན་མྱོང་བའི་གནས་འདིར“དཀའ་སྡུག་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི”སྙིང་སྟོབས་དར་སྤེལ་བཏང་སྟེ་བློ་བརྟན་འགྱུར་མེད་དང་དཔའ་བོའི་སྙིང་སྟོབས་སྐྱེད་སྲིང་བྱས།
ཁྲོན་བོད་ལམ་ཐིག་ཏུ་གྲོག་རོང་འཇིགས་རྔམ་ཆེ་ལ་གནམ་གཤིས་འགྱུར་ལྡོག་ཀྱང་ཆེན་པོ་ཡོད། “བླ་སྲོག་གཏོད་པ”དང“ཁྲོན་བོད་ལམ་ཐིག་གི་སྙིང་སྟོབས”ཞེས་བརྐོས་པའི་རྡོ་རིང་འགྲམ་དུ་དཔོན་དམག་ཚོས“དཀའ་ཉེན་མང་རུང་མི་སྐྲག་པ་དང་། ཆ་རྐྱེན་ཞན་རུང་ཕམ་མི་སྲིད་པ། ལས་འགན་ལྕི་རུང་སྒྲུབ་ཐུབ་པ”བཅས་ཀྱི་ཁྲོན་བོད་ལམ་ཐིག་གི་སྙིང་སྟོབས་བསྐྱར་དྲན་བྱས་པ་རེད།
སྒྱུར་བཅོས་དང་ས་སྲུང་གནས་སྤོ་དངོས་སུ་བརྒྱུད་མྱོང་བ་དང་སྐམ་དམག་གི“ལྡན་པ་བཞིའི”དུས་རབས་གསར་པའི་གསར་བརྗེའི་དམག་མིའི་དཔེ་དམག་ཡིང་ཀྲང་ཅན་ཁྲུན་གྱིས“སི་ཁྲོན་ནས་ལེ་དབར་སྟོང་གི་སར་གནས་པའི་གངས་ལྗོངས་ས་མཐོར་སྤོས་རྗེས་ལས་འགན་དང་དམག་འཐབ་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བས་ངེས་པར་དུ་རི་ཁུལ་གྱི་ངར་ལྕགས་དམག་དཔུང་དེ་ས་མཐོའི་རལ་གྲི་རྣོན་པོར་འགྱུར་བ་བྱེད་དགོས”ཞེས་བཤད།
ས་མཐོའི་རི་ཁུལ་དུ་ནང་སྦྱོང་བྱེད་སྐབས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་སྦྱོང་བརྡར་བྱ་ཡུལ་དུ་དམག་འཐབ་ཇུས་གཞི་ཞིབ་འཇུག་དང་བཟོ་ཆེད་ཅན་ཁྲུན་གྱིས་ཐེག་ཚད་ལས་བརྒལ་ནས་དམག་འཐབ་བསྟུད་མར་བྱས་མཐར་ངལ་དུབ་ཀྱིས་མནར་ནས་གཡུལ་སར་འགྱེལ། དྲན་པ་སོས་རྗེས་ཁོང་སྨན་དོན་ཁང་ནས་གཡུལ་སར་ལོག་སྟེ་མུ་མཐུད་སྦྱོང་བརྡར་སྒྲིག་འཛུགས་ཀྱིས་ནང་སྦྱོང་ཁྲོད་དཔོན་དམག་ཚོའི་སྣེ་ཁྲིད་ནས་རིགས་གཅིག་པའི་རྒྱུགས་སྤྲོད་ཚན་པའི་ཨང་དང་པོ་བླངས།
ལོ་59ཡི་གོང་པན་ཀྲང་དབྱང་ཐིང་ཨན་གྱིས་འཛིན་གྲྭ་ཡོངས་ཀྱི་སྣེ་ཁྲིད་དེ་མཐའ་མཚམས་སྲུང་སྐྱོང་གི་དམག་འཐབ་ལ་ཞུགས་ནས་རང་སྲོག་བློས་གཏོང་བར་མི་སྐྲག་པར་དཔའ་ངར་ཆེན་པོས་དམག་འཐབ་ཀྱིས“དཀའ་སྡུག་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི”དམག་འཐབ་ཀྱི་འབོད་ཚིག་གྲགས། པན་དེའི་འཐབ་འཛིང་པ་རྣམས་རང་སྲོག་བློས་གཏོང་བར་མི་སྐྲག་པར་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་ནས་གོང་རིམ་གྱིས་སྤྲད་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས།
སྒར་ཁུལ་གྱི“དབྱང་ཐིང་ཨན”པན་གྱི་འཇིམ་བརྐོས་ཀྱི་མདུན་དུ་ལུའེ་ཤོག་དེའི“བུད་མེད་མེ་མདའ་མཁས་པ”ཅིང་མའོ་ལིར་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས་སྔོན་བྱོན་པ་ཚོས“དཀའ་སྡུག་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི”དམག་འཐབ་ཀྱི་སྙིང་སྟོབས་ལས་དྲག་རྩལ་འགྲན་བསྡུར་ལ་གསེར་གྱི་རྟགས་མ་ལེན་པར་ལྕག་སྐུལ་ཐེབས་བྱུང་ཞེས་བཤད།
འགྲན་བསྡུར་ལ་ཞུགས་མཁན་དཔོན་དམག་རྒྱལ་ཁའི་ངང་ལོག་པ་དང་ལུའེ་ཤོག་དེས་ས་བབ་མཐོ་ཚད་སྨི་4500ཟིན་པའི་ས་མཐོའི་སྦྱོང་བརྡར་བྱ་ཡུལ་དུ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད། “ཕར་ཕྱོགས་ཀྱི་མདུན་དུ་ངར་བསམ་ཚུལ་གཅིག་རང་ལས་མེད་པ་ནི་ནུས་ཤུགས་ཡོད་རྒུ་བཏོན་ནས་དམག་རྒྱག་ཐེངས་གཅིག་ལ་རྒྱལ་ཁ་ལེན་པ་དང‘དཀའ་སྡུག་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པ’དེ་ཡིན”ཞེས་ཅིང་མའོ་ལིའི་སེམས་གཏིང་གི་སྐད་ཆ་དེར་འཐབ་གྲོགས་ཚོའི་དགའ་བསུ་ཆེན་པོ་ཐོབ།
2018ལོར་ལུའེ་ཤོག་དེ་སྐམ་དམག་རྟ་དམག་གི་དྲག་རྩལ་འགྲན་བསྡུར་རབ་དང་རིམ་པར་ཞུགས་པ་དང་གཅིག་སྡུད་སྦྱོང་བརྡར་ལ་ཞུགས་པ་ནས་དྲག་རྩལ་འགྲན་བསྡུར་མཇུག་མ་འགྲིལ་བར་འགྲན་བསྡུར་ལ་ཞུགས་མཁན་རུ་མི་ཚོས་འབད་བརྩོན་ཉིན་62བྱས་པ་དང་ཉིན་ལྟར་སྦྱོང་བརྡར་ཆུ་ཚོད་16ཡན་བྱེད་ཀྱི་ཡོད། མཁའ་ཟོན་ཡིང་གི་པན་ཀྲང་ཀྲང་ཧྲོའེ་ཧའོ་གནས་སའི་འཕུར་མདེལ་ཚོགས་ཆུང་གིས་དམག་ས་བཟུང་ནས་སྦྱོང་བརྡར་བྱེད་པའི་དུས་མཚམས་སུ་མདའ་པས་ཉིན་ལྟར་ལྗིད་ཚད་སྤྱི་རྒྱ་17ཟིན་པའི་མདའ་མདོང་ཁུར་ནས་གོག་བགྲོད་ཀྱིས་འགྲོ་འོང་ཐེངས་40ཙམ་བྱེད་པར་རིང་ཚད་སྨི་2000ཟིན་གྱི་ཡོད་པས་པུས་མོ་རྨས་ཁེངས་ཀྱི་ཡོད། དཔྱད་ཞིབ་ཁྲོད་ཁོང་ཚོ་གནས་སའི་ཚོགས་ཆུང་གི་མདའ་བརྒྱད་པོ་ཚང་མ་འབེན་ལ་ཕོག་ཡོད་པ་རེད།
“མི་སྐྲག་པ་གཉིས”ཀྱི་སྙིང་སྟོབས་ཀྱི་མཆོག་ནོར་དེར་བརྟེན་ནས་ལུའེ་ཤོག་དེར་དགའ་འོས་པའི་གྲུབ་འབྲས་ཐོབ་པ་སྟེ། ཉེ་བའི་ལོ་ཤས་རིང་། ལུའེ་ཤོག་དེས“ཞི་བདེའི་སྐྱོན་ཆའི”གཙང་སེལ་ཆེ་མོའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་ས་མཐོའི་དམག་འཐབ་གནད་དོན་ལ་ཞིབ་འཇུག་བྱས་ནས་བསམ་གཞིག་གི་འདུ་ཤེས་གསར་པ་དང་། སྦྱོང་བརྡར་བྱེད་སྟངས་གསར་པ། འགན་ལེན་བྱེད་སྟངས་གསར་པ་བཅས་ཧུར་ཐག་བཏོད་ཡོད། མ་ལག་གསེད་བཀྲོལ་དང་རྒྱུ་རྐྱེན་གཙོ་བོར་དབྱེ་ཞིབ་བྱེད་པའི་བསམ་ཕྱོགས་གཞིར་བཟུང་དཔུང་སྡེས་རིགས་10ཡི་ས་མཐོའི་དམག་འཐབ་གྲངས་གཞི་ཁག་2000ལྷག་ཙམ་འཚོལ་བསྡུ་བྱས་ཡོད།
“དཀའ་སྡུག་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི”དམག་འཐབ་སྙིང་སྟོབས་དེ་དཔོན་དམག་ཚོའི་སེམས་སུ་ཟུག་ནས་ལུའེ་ཤོག་ཧྲིལ་པོ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་དང་འོད་སྟོང་ནས་འོད་སྟོང་གི་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ཡོད།
“དུས་རབས་གསར་པའི་གསར་བརྗེའི་དམག་མི་ཞིག་ལ་མཚོན་ན་ངེས་པར་དུ་གསར་བརྗེའི་སྔོན་བྱོན་པ་ཚོའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་ཡག་པོ་བྱེད་དགོས” ལུའེ་ཤོག་དེའི་འགོ་ཁྲིད་ཀྱིས་དཀའ་ངལ་བདེ་ལ་བརྩི་བ་དང་འཆི་རྒྱུར་མི་སྐྲག་པའི་ཞུམ་མེད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས“མི་སྐྲག་པ་གཉིས”ཀྱི་སྙིང་སྟོབས་སེམས་ལ་ཟུག་པ་དང་ལས་ཀའི་ཐོག་དོན་འཁྱོལ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།
ཤུ་སྒྲ་གྲགས་པ་དང་སྦྲགས་དུས་ཐུང་ངལ་གསོ་མཇུག་འགྲིལ་རྗེས་དཔོན་དམག་ཚོས་གཅིག་རྗེས་གཉིས་མཐུད་ངང་མཚོན་ཆ་ལེགས་སྒྲིག་བྱས་ནས་སྦྱོང་བརྡར་ནང་ཞུགས་པ་རེད། རྒྱང་རིང་དུ་ས་མཐོའི་ཐང་དཀར་རྒོད་པོས་གཤོག་རྩལ་ངོམ་བཞིན་ཡོད་པ་དང་། ཉེ་འགྲམ་དུ་མེ་མདའི་སྒྲ་དང་དུ་བས་ཁེངས་ཏེ་དཔོན་དམག་ཚོས་དམིགས་ས་གསར་པའི་ཕྱོགས་སུ་དཔུང་འཇུག་བྱས།