2016ལོར་སྒེར་རྩེ་རྫོང“སྨོན་འགྲུབ་སྡེ་ཁུལ་གསར་པར”སྤོས་པའི་རྡོ་ཆུང་ལ་ད་ཆ་རང་ཉིད་ཀྱི་ཙག་ཙིག་ཚོང་ཁང་ཡོད་པ་མ་ཟད། ད་དུང་སྨོན་འགྲུབ་སྡེ་ཁུལ་གསར་པའི་གྲོང་མི་ཨུ་ལྷན་གྱི་སྒྲིག་འཛུགས་ཨུ་ཡོན་དང་སྨོན་འགྲུབ་སྡེ་ཁུལ་གསར་པའི་ཁྱིམ་ལས་ཞབས་ཞུ་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལིའི་འགན་ཁུར་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་བཞིན་ཡོད་པ་རེད།
2016ལོར་སྒེར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འདུ་འགོད་ལག་ལེན་བསྟར་བས། རྡོ་ཆུང་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་དང་ལེན་ཧུར་ཐག་ཞུས་ཏེ། སྒེར་རྩེ་རྫོང་སྨོན་འགྲུབ་སྡེ་ཁུལ་གསར་པར་སྤོ་རྒྱུའི་རེ་འདུན་ཞུས་པ་རེད།
2017ལོར་གནས་སྤོས་མང་ཚོགས་ཁོར་ཡུག་གསར་པར་གང་མགྱོགས་འཕྲོད་པ་དང་དུད་ཚང་དབུལ་པོའི་ལས་བརྩོན་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཆེད། སྒེར་རྩེ་རྫོང་སྨོན་འགྲུབ་སྡེ་ཁུལ་གསར་པའི་གྲོང་མི་ཨུ་ལྷན་གྱིས་སྲིད་གཞུང་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་པ་མ་ཟད། ད་དུང་ཨར་སྐྲུན་བྱ་ཡུལ་དང་ཟ་ཁང་དང་འབྲེལ་བ་བྱས་ཏེ་སྒེར་རྩེ་རྫོང་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་དང་སྨོན་འགྲུབ་སྡེ་ཁུལ་གསར་པའི་ཞིང་ཞོར་ཁྲོམ་ར་སོགས་སྒྲིག་བཀོད་རྣམ་གྲངས་དོན་འཁྱོལ་བྱས་ནས། སྨོན་འགྲུབ་སྡེ་ཁུལ་གསར་པའི་ཁྱིམ་ལས་ཞབས་ཞུ་ལྟེ་གནས་བཙུགས་ཏེ་རླངས་འཁོར་འཁྲུད་ས་དང་ཇ་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པས་མི་41ལས་ཞུགས་ཐུབ་ཅིང་རྡོ་ཆུང་ནི་དེའི་གྲས་ཤིག་རེད། སྨོན་འགྲུབ་སྡེ་ཁུལ་གསར་པའི་ཁྱིམ་ལས་ཞབས་ཞུ་ལྟེ་གནས་སུ་ལས་ཀ་རག་པའི་རྡོ་ཆུང་འཇོན་ཐང་ཆེ་ལ་རྒྱ་སྐད་ཀྱང་ཤེས་པའི་དབང་གིས་དུས་ཡུན་རིང་པོ་མ་སོང་བར་གྲོང་མི་ཨུ་ལྷན་དང་མང་ཚོགས་ཀྱི་མིང་བཏོན་འདེམས་བསྐོ་བརྒྱུད། ཁྱིམ་ལས་ཞབས་ཞུ་ལྟེ་གནས་ཀྱི་ཅིང་ལིའི་འགན་ཁུར་བ་རེད།
“ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་ང་ཚོར་ཁང་པ་གསར་པ་རག་པ་དང་ཐོན་ལས་གཉེར་རོགས་བྱས་པ་མ་ཟད། ད་དུང་ང་ཚོ་སྒོ་འགྲམ་ནས་ལས་ཞུགས་ཐུབ་པས་སྲིད་གཞུང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་རྡོ་ཆུང་གིས་བཤད།
2019ལོར་ཁྱིམ་ཚང་གི་ཡོང་འབབ་སྔར་བས་མང་དུ་གཏོང་ཆེད། རྡོ་ཆུང་གིས་སླར་ཡང་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་5གཡར་ཏེ་ཙག་ཙིག་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་རེད། ཞིང་དལ་སྐབས་སུ་རྫོང་གྲོང་དུ་གླ་པར་སྐྱོད་པ་དང་། ལོ་གཅིག་རིང་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་དང་ཐོན་ལས་ཀྱི་བགོས་འགྲེམས་བསྡོམས་ན་རྡོ་ཆུང་ཁྱིམ་ལ་ཡོང་འབབ་ཁྱོན་སྒོར་ཁྲི་6ལྷག་ཙམ་བྱུང་ནས“དབུལ་ཞྭ”ཕུད་པ་རེད།
ཕྱུག་པོ་ཆགས་རྗེས་རྡོ་ཆུང་ཁྱིམ་གྱི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ད་ཆ་ཕྲུ་གུ་གསུམ་པོ་སློབ་གྲྭ་འགྲིམ་བཞིན་ཡོད། “སྲིད་གཞུང་གིས་དུད་ཚང་དབུལ་པོར་རོགས་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བས་ད་ཆ་ཕྲུ་གུ་ཚོར་སློབ་གསོ་ཡག་པོ་དང་ལེན་བྱེད་རྒྱུ་བྱུང་བ་མ་ཟད། ད་དུང་སྡོད་ཁང་དང་། སྨན་བཅོས། འཐུང་ཆུ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཀྱང་བསལ་བས་ང་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུ་ཡིན། སླད་ཕྱིན་ངས་ལས་ཀར་འབད་བརྩོན་དང་གསར་གཏོད་བྱེད་ཕོད་པ་བྱས་ནས་གྲོང་མི་ཨུ་ལྷན་གྱི་ཁྱིམ་ལས་ཞབས་ཞུ་ལྟེ་གནས་ཀྱི་ལས་སྒོའི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ། ཞབས་འདེགས་ཞུ་བའི་ནུས་པ་ལེགས་སུ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཐབས་བྱས་ནས་མང་ཚོགས་དེ་བས་མང་བ་མགྱོགས་མྱུར་ཕྱུག་པོ་ཆགས་པ་བྱེད་རྒྱུ་ཡིན”ཞེས་རྡོ་ཆུང་གིས་གདེང་ཚོད་ཆེན་པོས་བཤད།