དབུ་ཤོག>ཆེད་སྒྲིག
  • རི་གྲོང་འཕོ་འགྱུར་ཆེ། མི་སེར་དགའ་སྤྲོས་ཁེངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-16

    རླངས་འཁོར་ལ་བསྡད་དེ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་གི་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་མདུན་དུ་བསྐྱོད་ཚེ། རི་སྟེང་དུ་ནགས་ཚལ་སྟུག་པས་ཡུལ་ལྗོངས་ལྟ་ན་སྡུག་པ་དང་། རི་གཤམ་དུ་ཡུལ་མིའི་སྡོད་ཁང་སྟར་པ་རེ་རེ་བཞིན་གྲལ་འགྲིག་པོ་ཡོད་པས་སྐྱིད་སྣང་ཤིན་ཏུ་དོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འགོ་འཛུགས་ས་གསར་པའི་ཐོག་ནས་སྣེ་གདོང་ཆུས་སོ་དྲུག་ཤང་དུ་ཐོན་ལས་རིམ་སྤོར་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་པོ་ཆགས་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཉིན་རེ་བཞིན་མངོན་བཞིན་ཡོད།

    ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱས་པ། 

    སྨན་རྒྱུ་འདེབས་འཛུགས་དང་། ནུས་ཆེའི་གསོ་ཚགས། གྲོང་གསེབ་ཡུལ་སྐོར་བཅས་ཐོན་ལས་ཆེན་པོ་གསུམ་ལ་དམིགས་ནས་སོ་དྲུག་ཤང་གིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་འགན་འཁུར་མཁན། ཕྱུག་འགྱུར་སྣེ་ཁྲིད་པ། ཏང་ཡོན་མང་ཚོགས་སོགས་མི་38ལས་གྲུབ་པའི་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་དོ་དམ་ཤེས་ལྡན་མི་སྣའི་དཔུང་ཁག་གསར་པ་3སྐྱེད་སྲིང་བྱས་པའི་ནང་ཏང་ཡོན་གྱིས་68.4%བཟུང་ཡོད། “ང་ཚོ་གྲོང་ཚོའི‘ཨུ་ལྷན་གཉིས’ཚན་ཁག་གི་ཁོངས་མི་དང་ཏང་ཡོན་ལས་བྱེད་པས་སྔོན་ལ་འདེབས་འཛུགས་དང་གསོ་ཚགས་ལག་རྩལ་སྦྱོང་བར་བསྐྱོད་དེ་ཁོང་དུ་ཆུད་རྗེས་གཞི་ནས་མང་ཚོགས་ལ་སློབ་ཀྱི་ཡོད། དེ་སྔ་ཚང་མར་ཧུར་བརྩོན་དེ་ཙམ་ཆེན་པོ་མེད། ད་ཆ་ཐོན་ལས་འཕེལ་རྒྱས་བཏང་བས་ཚང་མར་ཕན་པ་ཐོབ་ནས་སློབ་སྦྱོང་བྱེད་འདོད་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་སོ་དྲུག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཞུས་གོ་མའོ་ཡིས་བརྗོད།

    དེ་དང་ཆབས་ཅིག་སོ་དྲུག་ཤང་ཏང་ཨུད་དང་སྲིད་གཞུང་གིས་ད་དུང་ལས་ཞུགས་གཞན་སྒྱུར་གྱི་ཕྱིར་གླ་པར་སྐྱོད་པའི་འབབ་འཕར་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ཕྱིར་གླ་པར་བསྐྱོད་དེ་ཡོང་འབབ་མང་དུ་གཏོང་བར་ཁྲིད་སྟོན་བྱས་ཡོད། “ཤང་གི་ལས་བྱེད་ལས་བཟོ་དང་གྲོང་ཚོའི‘ཨུ་ལྷན་གཉིས’ཚན་ཁག་གི་ཁོངས་མིས་དུས་བཀག་ལྟར་ངལ་རྩོལ་ནུས་ཤུགས་ལྷག་མ་ཡོད་པའི་ཁྱིམ་ཚང་ལ་ལས་ཞུགས་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་ཁོང་ཚོར་ཕྱིར་གླ་པར་བསྐྱོད་དེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད། མིག་སྔའི་བར་ཤང་དེས་མང་ཚོགས་མི་ཐེངས་568ལས་ཞུགས་གཞན་སྒྱུར་བྱ་རྒྱུར་ཁྲིད་སྟོན་བྱས་པར་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་361.47འཕར་ཡོད།

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱས་པ། 

    2018ལོར་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་རང་བྱུང་ཐོན་ཁུངས་ཀྱི་ཆ་རྐྱེན་ལ་བརྟེན་ནས་སོ་དྲུག་ཤང་ཁོངས་གཏོགས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་4ཡིས་རྐང་བདག་ཡིན་པའི་ངོས་ནས་རྐབ་བདག་རེར་མ་དངུལ་སྒོར་ཁྲི་2རེ་བཏང་སྟེ་ཐུན་མོང་ཐོག་མ་རྐང་ཐོ་འགོད་བྱས་ནས་བོད་ལྗོངས་ལིའུ་ཡ་ཞིང་འབྲོག་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་དང་། གཙོ་བོ་བོད་ཕག་གསོ་ཚགས་དང་། བོད་སྨན་སྨན་རྒྱུ་འདེབས་འཛུགས། མར་ལས་སྣོན། པད་ཁ་དང་ཞིང་འབྲོག་ཐོན་རྫས་གསར་སྤེལ་ཕྱིར་ཚོང་སོགས་ཀྱི་ལས་སྒོ་གཉེར་གྱི་ཡོད། མིག་སྔར། ཀུང་སི་དེས་བོད་སྨན་སྨན་རྒྱུ་འདེབས་འཛུགས་རྟེན་གཞི་4བསྐྲུན་པ་དང་། འདེབས་ཁྱོན་མུའུ་500ཟིན་པ། ད་ཡོད་འབྲི་གཡག་མགོ་གྲངས་2181ཡོད་པའི་ནང་མགོ་གྲངས་200ལྷག་ཙམ་བཤས་བཏང་བ་རེད།

    སོ་དྲུག་ཤང་གི་བོད་སྨན་སྨན་རྒྱུ་འདེབས་འཛུགས་རྟེན་གཞིར་འཆར་འགོད་ཁོད་སྙོམས་པའི་ས་ཞིང་ཁག་གཅིག་ལ་ལྕུམ་རྩྭ་དང་གུར་གུམ་སོགས་སྨན་རྩྭ་མི་ཉུང་བ་ཞིག་སྐྱེས་ཡོད། རྒྱང་རིང་དུ་དྲོད་ཁང་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པོ་ཡོད་པ་དང་དྲོད་ཁང་ཆེ་མོ་ཞིག་གི་ནང་འཛུལ་སྐབས་རླམ་རྩྭ་ཕོ་སུལ་སྐྱེ་འཚར་ལེགས་པོ་མཐོང་བྱུང་།

    “ང་ཚོའི་རྟེན་གཞིས་ཟླ་གཉིས་པར་རླམ་རྩྭ་ཕོ་སུལ་ཐེངས་གཅིག་འཐུ་བར་ཡོང་འབབ་སྒོར་ཁྲི་46བྱུང་། ལོ་ལྟར་དུས་གཉིས་འཐུ་བ་དང་མུའུ་རེའི་ཐོན་ཚད་རྒྱ་མ་1600ཙམ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་70ཙམ་ཟིན་ནས་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་གྱི་ཡོད”ཅེས་སོ་དྲུག་ཤང་གི་ཤང་ཀྲང་ནོར་བུ་བསམ་གྲུབ་ཀྱིས་བཤད་ཅིང་། ཁོང་གིས་མངགས་ཐོ་རྣམ་པའི་ཕྱིར་ཚོང་བརྒྱུད་འདེབས་འཛུགས་བྱས་པའི་རླམ་རྩྭ་ཕོ་སུལ་ཕྱིར་ཚོང་ཐད་སེམས་ཁྲལ་གཏན་ནས་བྱེད་ཀྱི་མེད། རླམ་རྩྭ་ཕོ་སུལ་ཆུང་ཆུང་དེ་ནི་མང་ཚོགས་ལ་འབབ་འཕར་ཡོང་བའི་འབབ་ཁུངས་ཤིག་ལ་གྱུར་ཡོད་ཅེས་བཤད།

    “ཤེས་ལྡན་མི་སྣའི་སྒུལ་ཤུགས”འཕེལ་བར་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་འཇོན་ཐང་མངོན་པ།

    གྲོང་ཚོའི་ཡུལ་ལྗོངས་མི་དང་བསྟུན་ནས་འགྱུར། གྲོང་གསེབ་རྣམ་པ་མི་དང་བསྟུན་ནས་དར། ཕྱུག་འགྱུར་འཇོན་ཐང་ཅན་དང་། ལག་རྩལ་རྐང་འཛིན་པ། དོ་དམ་ཤེས་ལྡན་མི་སྣ་བཅས་དཀོན་པ་དང་ཕྱོགས་བསྡུས་བྱང་ཚད་མཐོ་པོ་མེད་པ་སོགས་དཀའ་གནད་ཀྱི་མདུན་དུ་སོ་དྲུག་ཤང་གིས་བྱ་ཐབས་དངོས་དང་བྱ་ཐབས་གསར་པ་བཏོན་ནས་ས་གནས་དེ་གའི་ཤེས་ལྡན་མི་སྣ་གང་འགབ་ཅི་སྤྱོད་ཡག་པོ་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ཤེས་ལྡན་མི་སྣའི་སྒུལ་ཤུགས་འཕེལ་བར་བྱས་ཡོད།

    ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། སོ་དྲུག་ཤང་གིས“ཕ་ཡུལ་གྱི་སྤུས་རྟགས”ཡག་པོ་བཏོད་དེ་ཕ་ཡུལ་གྱི་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཕྱིར་བསྐྱོད་པའི་གྲོང་གསེབ་ཀྱི་འཇོན་ཐང་ཅན་ཚུར་འགུགས་ཐབས་བྱས་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་པས་ཁོང་ཚོ་ཕ་ཡུལ་དུ་ལོག་འདོད་བྱེད་པ་དང་ཕ་ཡུལ་དུ་ཁ་ཞེ་གཉིས་མེད་ངང་སྡོད་འདོད་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་སོ་དྲུག་ཤང་གིས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དང་སྨན་རྩིས་ཁང་སོགས་ཚན་ཞིབ་ཚན་པ་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་ས་གནས་ས་ཐོག་གི་གསོ་སྦྱོང་དང་། ཆེད་དོན་འཆད་ཁྲིད། ལྟ་སྐོར་སློབ་སྦྱོང་། ལག་ལེན་ནང་སྦྱོང་བརྡར་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་། ཤང་ཁོངས་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཐོན་ལས་ཀྱི་ཁྱད་ཆོས་དང་དགོས་མཁོར་དམིགས་ནས། ཀོ་ཤ་འདེབས་གསོ་དང་སྨན་རྒྱུ་འདེབས་འཛུགས་སོགས་ཐད་ཀྱི་ཆེད་ལས་རང་བཞིན་གྱི་ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་བྱས་ཡོད།

    ད་ཆ་སོ་དྲུག་ཤང་ནས་ཐོས་མང་ཤོས་ཀྱི་སྐད་ཆ་ནི“འཕེལ་རྒྱས”གྱི་སྐོར་ཡིན་པ་དང་། མཐོང་མང་ཤོས་ནི“དངོས་སྒྲུབ”ཀྱི་རྣམ་པ་དེ་ཡིན། གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་དེ་རེ་བས་ཁེངས་པའི་ས་གཞི་དེའི་སྟེང་རྩ་བ་བརྟན་ཚུགས་དང་གྲུབ་འབྲས་ཐོབ་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།