ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་དང་སྡེ་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་ཀྱིས་སློབ་སྦྱོང་གི་གཞི་རྟེན་གསར་གཏོད་བྱས་པས། གོང་འོག་ཚང་མར་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཏེ་གང་སར་སློབ་སྦྱོང་བྱེད་པ་དང་། ཚང་མས་སློབ་སྦྱོང་བྱེད་པ། ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་ཐུབ་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས་ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་ལ་གཞི་ཚུགས་ནས་གསར་བརྗེའི་སློབ་གསོའི་རྟེན་གཞི་ཡག་པོ་སྤྱོད་རྒྱུ་མཐའ་འཁྱོངས་བྱས་པ། ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་ཐེན་ཅིན་གྱི་བོད་སྐྱོར་ལས་བྱེད་པ་བརྒྱ་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་བོད་དུ་སྐར་ལྔའི་དར་དམར་ཐེངས་དང་པོ་སྒྲེང་ཡུལ་སྒང་མཐོ་གྲོང་ཚོར་བསྐྱོད་ནས“བཅིངས་འགྲོལ་གྱི་ལོ་རྒྱུས་དྲན་གསོ་བྱེད། བོད་སྐྱོར་གྱི་བློ་སྟོབས་དར་སྤེལ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བ་རེད། བོད་སྐྱོར་ལས་བྱེད་པས་དམག་སྡེ་བཅོ་བརྒྱད་པ་གཙང་པོ་སྒྲོལ་བའི་གནའ་ཤུལ་གྱི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་དང་། དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་རླབས་ཆེན་མཛད་རྗེས་སྐོར་ཉན་པ་མ་ཟད། ཏང་དར་མདུན་དུ་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱས་ནས་གསར་བརྗེའི་རིག་གནས་ཀྱི་སྙིང་སྟོབས་སྔར་བས་རྒྱུན་འཛིན་བྱས་ཏེ་བོད་སྐྱོར་ལས་བྱེད་པའི་དད་སེམས་བརྟན་དུ་བཏང་བ་རེད། བོད་སྐྱོར་ལས་བྱེད་པ་ཚོས་ད་དུང་སྒང་མཐོ་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་བལྟས་ཏེ། ཏང་གི་འགོ་ཁྲིད་འོག་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་བརྟན་ལྷིང་ཞི་མཐུན། མི་དམངས་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་སྒང་མཐོ་གསར་པའི་རྣམ་པ་ཉམས་སུ་མྱངས་ནས་བོད་སྐྱོར་ལས་བྱེད་པ་ཚོས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱས་ཏེ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་རང་འཁྲིའི་ལས་དོན་ཧུར་ཐག་བསྒྲུབས་ཏེ། གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་ཕུལ་བ་རེད།
ལྷོ་ཁ་གྲོང་ཁྱེར་དྲ་འཕྲིན་གཞུང་དོན་ཁང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་གནས་བབ་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་དྲ་འཕྲིན་ལས་དོན་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། ཏང་གི་ལོ་རྒྱུས་ཤེས་བྱ་རྒྱུན་རྣམ་ཅན་གྱི་སློབ་སྦྱོང་ཇུས་གཞི་བཟོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ངེས་པར་དུ་སྦྱོང་དགོས་པའི་ནང་དོན་ལ་བརྩིས་ནས། དྲ་འཕྲིན་ལས་སྒོ་དང་ཟུང་འབྲེལ་གྱིས་ལས་གནས་ཀྱི་སྦྱོང་བརྡར་ཆེ་མོའི་མཉམ་སྤྱོད་ཚོགས་འདུ་འཚོགས་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོད་རྒྱུགས་ལམ་ལུགས་བཙུགས་ཏེ་རྒྱུགས་སྤྲོད་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་བཏང་སྟེ། སློབ་སྦྱོང་བྱས་ནས་བསམ་བློའི་བཀག་རྒྱ་སེལ་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་འགྲོ་བར་ཤུགས་སྣོན་བརྒྱབ་པ་རེད།
རང་ལྗོངས་ཀྱི་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱིས་ཚད་མཐོའི་མཐོང་ཆེན་དང་། ཇུས་འགོད་ཞིབ་ཚགས། རྣམ་པ་སྣ་ཚོགས་བཅས་ཀྱི་ཐོག་ནས《ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》དང་། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》 《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》སོགས་གཙོ་གནད་ཐོག་སློབ་སྦྱོང་བྱས་ཏེ། རང་སྦྱོང་དང་མཉམ་སྡེབ་ཞིབ་འཇུག་སློབ་སྦྱོང་ཟུང་འབྲེལ་བྱས་ཡོད། གཞིས་རྩེ་གྲོང་ཨུད་ཀྱི་རྩ་འཛུགས་གསར་པ་གཉིས་ཀྱི་ལས་དོན་ཨུ་ལྷན་གྱིས་ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་དྲ་ཚུགས་ལ་བརྟེན་ནས“རྩ་འཛུགས་གསར་པ་གཉིས་ཀྱི་ཏང་འཛུགས་སྐྱོང་གི་དགའ་ཚལ”བཙུགས་པ་དང་། རང་སྐྱོང་ལྗོངས་ཁྲིམས་རྩོད་པའི་ལས་རིགས་ཏང་ཨུད་ཀྱིས“བོད་ཀྱི་ཁྲིམས་རྩོད་པའི་མཐུན་ཚོགས”ཞེས་པའི་སྤྱི་རྟགས་སུ“ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་གླེང་བ”ཞེས་པའི་སློབ་ཚན་དུས་བཀག་ལྟར་ཁྲིད་ཅིང་། མིག་སྔར་སློབ་ཚན་69ཁྲིད་པ་མ་ཟད“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་གནས་ཚུལ་ཤེས་རྟོགས། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་དྲ་ཐོག་ཏུ་དྲི་བར་ལན་འདེབས་པའི་བྱེད་སྒོ་ཡང་སྤེལ་བ་རེད།
སྦྱངས་པ་གོ་ཆོད་པ་དང་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང“ཏང་ངའི་སེམས་དབུས་སུ་ཡོད”དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ”ཅེས་པའི་ལག་ལེན་བྱེད་སྒོ་ཟམ་མི་ཆད་པར་སྤེལ་ཆེད། རང་ལྗོངས་ཀྱི་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་ཞབས་ཞུའི་དཔེ་སྟོན་བྱ་སྤྱོད་དང་ཏང་ཡོན་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་ཏང་ཡོན་གྱིས“ཐོབ་ཐང་སྟོན་པ་དང་། གཟུགས་བརྙན་གཏོད་པ། ནུས་པ་འདོན་པ”བཅས་ལ་སྐུལ་འདེད་བཏང་ཡོད། གཞིས་རྩེ་གྲོང་ཁྱེར་དཀར་གཙང་ནས་བཟའ་བཅའ་ཀུང་སིའི་ཏང་ཀྲི་པུས“ལོ་རྒྱུས་བློ་ལ་ངེས། ད་ཆར་གཅེས་འཛིན་བྱེད། མ་འོངས་གསར་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཞིང་ཕན་བྱེད་སྒོ་སྤེལ་ཏེ། ཁྲོམ་རའི་རིན་གོང་ལས་ཀྱང་མཐོ་བ་སྤྲད་ནས་ས་གནས་དེ་གའི་ནས་ཉོས་པས་དུད་ཚང་རེར་ཡོང་འབབ་སྒོར་1580བྱུང་ཡོད།
ཆུ་ཤུར་རྫོང་གིས་མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་། བསམ་གཞིག་བྱེད་ས། རེ་སྒུག་བྱེད་ས་བཅས་ལ་དམིགས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ”ཅེས་པ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མང་ཚོགས་ཀྱི་སེམས་ཁྲལ་སེལ་རོགས་བྱས་ཡོད། རྫོང་ཨུད་ཀྱི་ཧྲུའུ་ཅིས་སྣེ་ཁྲིད་ནས་གྲོང་ཚོ་དང་ཚོགས་ཆུང་ལ་བསྐྱོད་དེ། ཅི་འཕྲོས་མོལ་འཕྲོས་ཀྱིས་འཚོ་བ་དང་འགྱུར་ལྡོག་གླེང་ནས་ས་གནས་དེ་གའི་མང་ཚོགས་དང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག “1+3”གྱི་ཆེད་དོན་ལས་བྱེད་པ་བཅས་དང་བཞུགས་མོལ་བྱས་ཏེ། མང་ཚོགས་ལ་སྨན་བཅོས་དང་། སློབ་ཞུགས། ལས་ཞུགས་སོགས་ཀྱི་དཀའ་ངལ་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་དོགས་གནད་དང་། བསམ་འཆར། གྲོས་འགོ་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། མང་ཚོགས་ཀྱིས་གོང་ཞུ་བྱས་པའི་གནད་དོན་དང་བཏོན་པའི་བསམ་འཆར་ལ་དམིགས་ཏེ། ལས་དོན་འགན་གཙང་ལེན་མཁན་འགོ་ཁྲིད་ཀྱིས་འགན་ནུས་སྡེ་ཚན་ཁག་དང་མཉམ་དུ་གནད་དོན་རེ་རེར་ལན་བརྒྱབ་པ་མ་ཟད། ཐག་གཅོད་ཇུས་གཞི་བཟོས་ནས་དུས་བཀག་ལྟར་ལེགས་སྒྲུབ་བྱས་ཏེ་དོན་དག་སྟབས་བདེ་རིགས་མགྱོགས་མྱུར་སྒྲུབ་པ་དང་། རྙོག་འཛིང་ཆེ་རིགས་དུས་བཀག་ལྟར་སྒྲུབ་པ། དཀའ་ངལ་ཆེ་རིགས་མཉམ་དུ་སྒྲུབ་པ་བཅས་བྱས་ཡོད། གཞི་རིམ་དུ་འཚམས་འདྲི་དང་གྲལ་བཤེར་ལ་བསྐྱོད་པ་བརྒྱུད། འགལ་ཟླ་དང་མངོན་མེད་རྐྱེན་ངན་ཁྱོན་29ཤེས་རྟོགས་བྱུང་བ་ལས་མིག་སྔའི་བར་15ཐག་གཅོད་བྱས་པ་དང་དེ་བྱིངས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།