གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་དང་གཞི་རིམ་གྱི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོར་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་སྔོན་ཐོན་བྱས་རྗེས་གསོན་ཉམས་དོད་པོས་མངོན་པར་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དང་བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“མཐའ་སྲུང་བ་ཡག་ཤོས་འཚོལ་བའི”དྲ་རྒྱའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོར་མི་དམངས་དྲ་བ་དང་ཤིན་ཧྭ་དྲ་བ་སོགས་ཀྲུང་དབྱང་དང་ས་གནས་ཀྱི་དྲ་རྒྱའི་སྨྱན་སྦྱོར་17གྱི་གསར་འགོད་པ་གདན་དྲངས་ཡོད། ཁོང་ཚོས་གཞིས་རྩེ་དང་། མངའ་རིས། ལྷོ་ཁ། ཉིང་ཁྲི་བཅས་ཀྱི་གྲོང་ཁྱེར་དང་ས་ཁུལ་གྱི་མཐའ་མཚམས་སུ་བསྐྱོད་དེ། ལོ་འཁོར་མོར་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོར་ཚུགས་མཁན་དང་། ལྷག་བསམ་རྣམ་དག་ངང་མཐའ་མཚམས་སྲུང་མཁན། དཀའ་སྤྱད་འབད་འཐབ་བྱེད་མཁན་བཅས་ཀྱི་རྒྱ་ཆེའི་གཞི་རིམ་གྱི་གནམ་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་དང་། ཏང་སྲིད་ལས་བྱེད་པ། མཐའ་མཚམས་ཀྱི་གྲོང་མི་སོགས་ཀྱི་སྔོན་ཐོན་དཔེ་མཚོན་བཅར་འདྲི་བྱས་ནས་རང་ལྗོངས་ཀྱི་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་མི་སེར་འབྱོར་ཕྱུག་བཅས་ཀྱི་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད།
བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྤྱི་ཁྱབ་ཀྲེན་ཀྲང་གཞོན་པ་ཝང་ཧྲི་ཧུང་གིས་ད་རེས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། དཔེ་བཟང་དང་དཔེ་མཚོན་གྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་ཉེན་རྟོག་པའི་སེམས་པ་གཅིག་ཏུ་བསྒྲིལ་བ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་སོགས་ཀྱི་གཙོ་གནད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་རེད་ཅེས་བཤད་པ་རེད།