
འདི་ནི་ཅའོ་ཡུས་ལུའུ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
ཅའོ་ཡུས་ལུའུ་ནི་1922ལོའི་ཟླ་8པར་ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར་པེ་ཀུའུ་ཧྲན་གྲོང་ཚོའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་འཁྲུངས། 1946ལོའི་ཟླ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1953ལོའི་ཟླ་6པར་ལུའོ་དབྱང་གཏེར་རིའི་འཕྲུལ་ཆས་བཟོ་སྐྲུན་བཟོ་གྲྭར་བཟོ་ལས་འཛུགས་སྐྲུན་ལ་ཞུགས་ནས་འཁོར་ཁང་གི་ཀྲུའུ་རེན་དང་ཁོའོ་ཀྲང་གི་འགན་འཁུར་མྱོང་། 1962ལོའི་ཟླ་6པར་ཝེ་ཧྲི་རྫོང་ཨུད་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའི་འགན་བཞེས། ལོ་དེའི་ཟླ་12པར། རྩ་འཛུགས་ནས་ཅའོ་ཡུས་ལུའུ་ལན་ཁའོ་རྫོང་དུ་ལས་དོན་སྒྲུབ་པར་མངགས་པ་དང་། སྔ་རྗེས་སུ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཉིས་པ་དང་ཧྲུའུ་ཅི་གནང་ཡོད།
ལན་ཁའོ་རྫོང་ནི་ཧོ་ནན་ཤར་རྒྱུད་ཀྱི་རྨ་ཆུ་འབབ་ཤུལ་རྙིང་པར་གནས་པ་དང་བྱེ་རླུང་དང་། བ་ཚྭ། འཁྱིལ་ཆུ་བཅས་ཀྱི་གནོད་འཚེ་ཡང་སེ་ཕོག་གི་ཡོད། ཅའོ་ཡུས་ལུའུ་ལ་མཆིན་པའི་གཅོང་ནད་ཕོག་ཡོད་མོད། འོན་ཀྱང་ཁོང་ལན་ཁའོ་རུ་འབྱོར་བའི་ཉིན་གཉིས་པར་ནད་གཞིར་མ་འཛེམ་པར་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས། ལོ་གཅིག་ལྷག་ཙམ་རིང་། ཁོང་གིས་རྫོང་ཡོངས་ཀྱི་རུ་ཆེན་140ལྷག་ཙམ་ནང་ནས་120ལྷག་ཙམ་ལ་བསྐྱོད་ཡོད།
རྫོང་ཡོངས་ཀྱི་མི་དམངས་ཀྱི་སྣེ་འཁྲིད་དེ་བྱེ་མ་འགོག་པ་དང་། ཆུ་བཅོས་པ། ཞིང་ས་སྒྱུར་བཀོད་བཅས་ཀྱི་འཐབ་རྩོད་ཁྲོད་དུ་ཅའོ་ཡུས་ལུའུ་ཡིས་དམག་མི་དཀྱུས་མའི་མདུན་དུ་གདོང་མཆོང་གིས་རང་དཔེ་གཞན་སྟོན་གནང་། ཁོང་གིས་རྒྱུན་དུ་བྱེ་རླུང་ཆེན་པོར་མ་འཛེམ་པར་རླུང་ཕྱོགས་བརྟག་ལ་བཞུར་བྱེར་དཔྱད་པ་དང་། དྲག་ཆར་འབབ་པའི་དུས་སུ་ཁོང་གིས་སྣེ་འཁྲིད་དེ་སྐེད་པ་བར་དིམ་པའི་ཆུ་ལོག་དཀྱིལ་དུ་འཛུལ་ནས་ཆུ་ལོག་རྒྱུག་ཚུལ་ལ་ལྟ་ཞིབ་གནང་བ། ཁ་བ་བུ་ཡུག་ཁྲོད་ཁོང་གིས་ལས་བྱེད་པ་འཁྲིད་ནས་དབུལ་པོར་བདེ་སྡུག་འདྲི་བར་ཕེབས་ཀྱི་ཡོད།
ཅའོ་ཡུས་ལུའུ་ཡིས་རྒྱུན་དུ་གུང་ཁྲན་ཏང་ཡོན་ཡིན་ན་མང་ཚོགས་དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་མང་ཚོགས་ཀྱི་མདུན་དུ་ཐོན་དགོས་པ་དང་། མང་ཚོགས་ལ་རོགས་རམ་མཁོ་ཤོས་ཀྱི་སྐབས་སུ་མང་ཚོགས་ལ་སེམས་ཁུར་དང་རོགས་རམ་བྱེད་དགོས་ཞེས་གསུངས་ཀྱི་ཡོད། ཁོང་གི་ཐུགས་ལ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་བཞག་ཡོད་ཀྱང་ཁོང་རང་ཉིད་འཇོག་གི་མེད། ཁོང་རྒྱུན་དུ་མཆིན་པར་ན་ཟུག་བཏང་ནས་རྐེད་པ་འདྲོང་མི་ཐུབ་ལ་རྐང་འཁོར་ཡང་བཞོན་ཐབས་བྲལ་པར་གྱུར། དེ་འདྲ་ཡིན་ནའང་བཙན་ཤེད་ཀྱིས་སྨན་ཁང་དུ་མ་བསྐྱལ་བར་དུ་ཁོང་གིས་སྔར་རྒྱུན་བཞིན་ལག་པའམ་ཡང་ན་ཅ་དངོས་མཁྲེགས་པོས་མཆིན་པ་མནན་ཏེ་ལས་ཀ་དང་གཤམ་སྐྱོད་མཐའ་འཁྱོངས་གནང་གི་ཡོད།
1964ལོའི་ཟླ་5པའི་ཚེས་14ཉིན། ཅའོ་ཡུས་ལུའུ་ཡི་ཚེ་སྲོག་མཆིན་སྐྲན་ལས་འཕྲོག་ཅིང་། སྐབས་དེ་དུས་དགུང་ལོ42ལས་སླེབས་མེད། ཁོང་སྐུ་གཤེགས་ཁར་རྩ་འཛུགས་ལ་བཏོན་པའི་བླང་བྱ་ཉག་ཅིག་ནི། “ངའི་ཕུང་པོ་ལན་ཁའོ་ལ་དབོར་ནས་བྱེ་ཕུང་དུ་སྦས་རོགས། གསོན་པོར་སྡོད་དུས་བྱེ་ཕུང་བཅོས་སྐྱོང་ཡག་པོ་བྱེད་ཐུབ་མ་སོང་ཤི་ནའང་ཁྱེད་ཚོས་བྱེ་ཕུང་བཅོས་སྐྱོང་ཡག་པོ་བྱེད་པར་ལྟ་ཡི་ཡིན”ཞེས་པ་དེ་རེད། 1966ལོར་ཧོ་ནན་ཞིང་ཆེན་སྲིད་གཞུང་གིས་བློ་མཐུན་ཅའོ་ཡུས་ལུའུ་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཡིན་པའི་ཁས་ལེན་བྱས་པ་རེད།