དབུ་ཤོག>ཆེད་སྒྲིག
  • “ང་ཚོས་སྐར་ལྔའི་དར་དམར་ཧི་མ་ལ་ཡར་བཙུགས་པ་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-15

    འདི་ལོ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་གྱི་ཡོད། ལོ་ངོ་70ཡི་གོང་བོད་དུ་དཔུང་སྐྱོད་དང་གངས་ལྗོངས་ཀྱི་མཐའ་མཚམས་བཅའ་སྲུང་གི་དཀའ་ཚེགས་ཆེ་བའི་ལོ་ཟླར་དྲན་གསོ་བྱེད་སྐབས། སྐབས་དེ་དུས་ཀྱི་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་སྔོན་སྐྱོད་ཐོན་གྱི་འཐབ་འཛིང་པ་རྒན་གྲས་ཀུའུ་ཧུང་རུང་ལ་ཚོར་སྣང་མང་པོ་ཞིག་ཅིག་ཅར་དུ་བྱུང་ཡོད།

    འདི་ལོ་ལོ་91ལ་སླེབས་པའི་ཀུའུ་ཧུང་རུང་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་ལས་བྲལ་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཞིག་རེད། ཁོང་ལོ་17ལ་སླེབས་སྐབས་གསར་བརྗེར་ཞུགས་པ་དང་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་འོད་སྟོང་འཕྲོ་བའི་ལོ་ཟླའི་ནང་ཁོང་ནི་སྔོན་སྐྱོད་དཔུང་སྡེའི་འཐབ་འཛིང་པ་ཞིག་ཡིན་པ་དང་། བོད་དུ་སླེབས་རྗེས་གྲོ་མོ་རྫོང་དུ་བཅའ་སྲུང་བྱས་ཡོད།

    དམ་བཅའ་བཞག་ནས་རྡོག་ཐོན་བྱས་ཏེ་སྐར་ལྔའི་དར་དམར་ཧི་མ་ལ་ཡར་འཛུགས་རྒྱུའི་སེམས་ཐག་བཅད་པ།

    1950ལོའི་ཟླ་3ཚེས་4ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པས་སི་ཁྲོན་ལེ་ཧྲན་དུ་བོད་དུ་དཔུང་སྐྱོད་བྱེད་པའི་དམ་བཅའ་འཇོག་པའི་ཚོགས་ཆེན་འཚོགས་ཡོད། དམག་སྡེ་བཅོ་བརྒྱད་པའི་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་ཀུའུ་ཧུང་རུང་གནས་སའི་ཧྲི་ཤོག་52ཀྱི་ཐོན་ཤོག་154ནི་བྱང་ཕྱོགས་ནས་བོད་དུ་སྐྱོད་མཁན་གྱི་སྔོན་སྐྱོད་དཔུང་སྡེ་རེད།

    བོད་རིགས་ཀྱི་རིག་གནས་ཤེས་བྱ་དུས་ཚོད་གང་འཚམ་སྦྱངས་རྗེས་ཐོན་ཤོག་154སྔོན་སྐྱོད་ཐོན་ཡིན་པས་རྡོག་ཐོན་བྱེད་འགོ་ཚུགས། 1950ལོའི་ཟླ་4པ་ཧྲིལ་པོར་རྐང་ཐང་མར་བསྐྱོད་དེ་ཨར་ལན་རི་བོ་བརྒལ་བ་དང་ལྕགས་ཟམ་སྒྲོལ་ནས་དེ་སྔ་དམར་དམག་གིས་བསྐྱོད་མྱོང་བའི་ལམ་བུར་སྐྱོད་ཡོད།

    གཞུང་ལམ་ཤར་གཏོང་མ་ཐུབ་པས། ཐོན་ཤོག་154ཡི་བཀོད་འཐབ་པ་ཚོས་རྐང་ཐང་མར་བསྐྱོད་ཡོད། ཀུའུ་ཧུང་རུང་གིས་དཔུང་སྡེས་གངས་རི་བརྒལ་སྐབས་ཀྱི་རྣམ་པ་ནི“ཡར་འཛེགས་སྐབས་དལ་བུར་བསྐྱོད་རྒྱུ་ལས་མ་འདས་པ་དང་། མར་འབབ་སྐབས་རིལ་ནས་འགྲོ་བ”དེ་རེད་ཅེས་བརྗོད། གངས་རི་ཆེན་པོ་འཕྲད་སྐབས་ཉིན་གཅིག་ལ་བརྒལ་མི་ཐུབ་པས་དགོང་མོ་རི་སྟེང་དུ་ཉལ་དགོས་པ་དང་། ནམ་ཕྱེད་ཙམ་ལ་གངས་རླུང་ལྡང་ནས་མི་གཅིག་ཤོང་བའི་གུར་མནན་པས། གངས་ཀྱི་དཀྱིལ་དུ་ཉལ་རྒྱུ་ལས་མ་འདས་ཅེས་བརྗོད། གངས་ཀྱི་ཁྲོད་དུ་དཔུང་སྐྱོད་བྱེད་སྐབས་ཀུའུ་ཧུང་རུང་གི་མིག་ལ་གངས་ཕྱིད་ཐེབས་པས། འཐབ་གྲོགས་ཀྱི་དཔུང་པར་འཇུས་ཏེ་ཉིན་གཉིས་བསྐྱོད་ནས་གངས་རི་བརྒལ་ཚར་རྗེས་གཞི་ནས་དྲག་སྐྱེད་བྱུང་ཡོད།

    ཀུའུ་ཧུང་རུང་གིས་དྲན་གསོ་བྱེད་ཞོར་དུ་སེམས་འགུལ་ཐེབས་པའི་ཉམས་སྣང་གིས“སྐབས་དེ་དུས་ཚང་མས་བོད་དུ་སྐྱོད་རྒྱུ་དེ་ལས་སླ་པོ་ཞིག་མིན་པ་ཤེས་ཀྱི་ཡོད་ཀྱང་། ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་བསམ་བློ་འཁོར་མ་ཐག་ཚང་མའི་སེམས་ཤུགས་རབ་ཏུ་འཕེལ་ཏེ་སྤྱིར་བཏང་མིན་པའི་བློ་སྟོབས་དང་དཔའ་ངར་སྐྱེད་ཀྱི་ཡོད”ཅེས་བརྗོད།

    ལེ་དབར་དུ་མའི་ཀྱག་ཀྱོག་གི་ལམ་བུ་བརྒྱུད་ཆབ་མདོར་བདེ་བླག་ངང་བཅིངས་འགྲོལ་བཏང་བ།

    བོད་ཀྱི་ཤར་སྒོ་ཆེ་མོ་ཞེས་འབོད་པའི་ཆབ་མདོར་བཅིངས་འགྲོལ་གཏོང་ཆེད། སྐབས་དེ་དུས་ཐོན་ཤོག་154ཡི་སྐུ་སྲུང་ལེན་གྱི་རུ་ཤོག་གཉིས་པའི་རུ་དཔོན་གཞོན་པའི་འགན་འཁུར་བཞིན་པའི་ཀུའུ་ཧུང་རུང་གིས་དཔུང་སྡེ་དང་མཉམ་དུ་གཡུལ་འགྱེད་བྱས་ནས་ཞི་བས་བཅིངས་འགྲོལ་ལ་སྐུལ་འདེད་གཏོང་བའི་ཆབ་མདོའི་གཡུལ་འགྱེད་ལ་ཞུགས།

    གོང་རིམ་གྱི་བཀོད་སྒྲིག་ལྟར། མི་དམངས་བཅིངས་འགྲོལ་དམག་གིས་དམག་དཔུང་ཁག་བགོས་ཀྱིས་ཆབ་མདོའི་དགྲ་བོའི་མཐའ་བསྐོར་བ་དང་། མཐའ་སྐོར་བའི་འགག་རྩ་ནི་ཐོན་ཤོག་154ཡིས་སྟོབས་ཤུགས་གཙོ་བོར་བྱས་པའི་གཡས་ཕྱོགས་ཀྱི་དཔུང་སྡེས་གཏན་འཁེལ་གྱི་དུས་ཚོད་ནང་སི་ཁྲོན་འདན་ཁོག་དང་མཚོ་སྔོན་ཡུལ་ཤུལ་བརྒྱུད་ལྕགས་ཚང་ཁ་མྱུར་འཕྲོག་བྱས་ཏེ་ཐད་ཀར་རི་བོ་ཆེ་དང་ལྔ་མདའ་རུ་བསྐྱོད་དེ་རྒྱབ་ཕྱོགས་ནས་ཆབ་མདོའི་སྲུང་དམག་བསྐོར་བཅོམ་བྱ་རྒྱུ་དེར་ཐུག་ཡོད།

    དེའི་ཆེད་ཐོན་ཤོག་154ཡིས་འབྲི་ཆུ་བརྒལ་ཏེ་ཉིན་མཚན་བལྟོས་མེད་ངང་ས་མཐོར་ཉིན་ལྟར་དམག་དཔུང་མྱུར་སྐྱོད་སྤྱི་ལེ་60ནས་80བར་བྱས་ཏེ་ལེ་དབར་མང་པོ་བསྐྱོད་ནས་དགྲ་བོའི་མཐའ་སྐོར་ཏེ་ནུབ་ཕྱོགས་དང་ནུབ་བྱང་དུ་ཕྱིར་འཐེན་བྱེད་ས་མེད་པར་བཟོས། ཀུའུ་ཧུང་རུང་གིས་རང་རེའི་དམག་གིས་ལ་ཀླུང་མང་པོ་བརྒལ་བ་དང་ས་མཐོར་གསོ་རླུང་དཀོན་པས་དམག་རྒྱག་སྐབས་དཀའ་ངལ་ཆེན་པོ་འཕྲད་ཡོད། དམག་ཐེངས་འགའ་ཤས་བརྒྱབ་རྗེས་མ་གཞི་རྒྱལ་ཁ་ཐོབ་ཀྱང་འཐབ་གྲོགས་ཁག་གཅིག་རང་སྲོག་ཤོར་བ་རེད་ཅེས་དྲན་གསོ་བྱེད་བཞིན་བརྗོད།

    ཆབ་མདོའི་གཡུལ་འགྱེད་ཀྱིས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་སྒོ་མོ་ཕྱེ་སྟེ《གྲོས་མཐུན་དོན་ཚན་བཅུ་བདུན》འཇོག་རྒྱུར་སྐུལ་མ་ཐེབས་ཡོད།

    ལྷ་སར་བཅའ་སྡོད་བྱས་རྗེས་མུ་མཐུད་མདུན་སྐྱོད་བྱས་ནས་གྲོ་མོའི་མཐའ་སྲུང་ལས་འགན་ཁུར་བ།

    ཆབ་མདོ་ནས་ལྷ་སར་བཅའ་སྡོད་བྱས་རྗེས་བོད་སྐྱོད་སྔོན་སྐྱོད་ཐོན་གྱི་ཐོན་ཤོག་154ཡིས་བཀའ་དང་དུ་བླངས་ནས་ཡིང་ཤོག་གཅིག་ལྷ་སར་བཞག་པ་ཕུད། ཐོན་ཤོག་གི་སྟོབས་ཤུགས་གཙོ་བོ་མུ་མཐུད་མདུན་སྐྱོད་བྱས་ཏེ་གཞིས་རྩེ་དང་། རྒྱལ་རྩེ། གྲོ་མོ་སོགས་སུ་བཅའ་སྡོད་བྱས། 1951ལོའི་ཟླ་12པར་ཐོན་ཤོག་154ཡིས་བོད་ལྗོངས་རྒྱལ་རྩེའི་སྐད་གྲགས་ལྡན་པའི་དབྱིན་འགོག་དམག་འཐབ་བྱེད་ས་རྫོང་རིའི་འོག་ཏུ་བྱས་རྗེས་གཟེངས་བསྟོད་ཀྱི་རྟེན་འབྲེལ་ཚོགས་ཆེན་འཚོགས་པ་དང་། ཀུའུ་ཧུང་རུང་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་གཅིག་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཟི་བརྗིད་མཚན་སྙན་རག་ཡོད། དེ་རྗེས་དཔུང་སྡེ་དང་མཉམ་དུ་ཧི་མ་ལ་ཡའི་དབུས་རྒྱུད་ཀྱི་ལྷོ་འདབས་དང་བོད་ཀྱི་ལྷོ་ཕྱོགས་སུ་གནས་པའི་རྫོང་གྲོང་གྲོ་མོར་མཐའ་སྲུང་གི་ལས་འགན་འཁུར་བར་བསྐྱོད། སྐབས་དེ་དུས་རྒྱ་གར་གྱིས་མཐའ་མཚམས་སུ་དམག་ཚུགས་བཙུགས་ནས་གྲོ་མོ་བར་འགྲོ་ས་བཟོས་ཡོད་པས། ཐོན་ཤོག་154ཡིས་ཀྱང་ལམ་རྒྱུད་དུ་སྲུང་དམག་བཀོད་སྒྲིག་བྱས་ཏེ“སྐར་ལྔའི་དར་དམར་ཧི་མ་ལ་ཡར་དངོས་སུ་བཙུགས་ཡོད”

    གྲོ་མོར་བཅའ་སྡོད་བྱས་ནས་ལོ་གཅིག་ལྷག་སོང་རྗེས་ཀུའུ་ཧུང་རུང་ལྷོ་ནུབ་དམག་ཁུལ་ཁང་གི་རིག་གནས་མྱུར་སྦྱོང་སློབ་གྲྭ་དང་པོར་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས། སྐབས་དེ་དུས་ཁོང་ལ་ཕོ་བའི་ནད་ཚབས་ཆེན་ཡོད་པས་ལྟོ་ཆས་ཀྱང་མིད་ཁག་པོར་གྱུར་ཏེ་གཟུགས་པོ་ཧ་ཅང་སྐྱོ་པོ་ཡོད། དེས་ན་དཔུང་སྡེས་ཁོང་ལས་སྒྱུར་བཀོད་སྒྲིག་བྱ་རྒྱུའི་ཐག་བཅད། དེ་དུས་ཁོང་གིས་དཔུང་སྡེ་དང་མཉམ་དུ་བོད་དུ་སྐྱོད་དེ་ལོ་བཞི་ཏག་ཏག་སོང་ཡོད།

    ཏང་གི་རྗེས་སུ་འབྲང་བ་ནི་ངའི་ཚེ་གང་གི་ཆེས་ཡང་དག་པའི་གདམ་ག་དེ་རེད།

    ས་གནས་སུ་ལས་སྒྱུར་བྱས་རྗེས་ཀུའུ་ཧུང་རུང་གིས་གཞི་རིམ་ལས་དོན་འབོར་ཆེན་བསྒྲུབས་ནས་1987ལོར་གཞི་ནས་རྒན་ཡོལ་ཞུས་ཡོད། ཁོང་གིས་དཔུང་སྡེ་དང་ས་གནས་གང་དུ་ཡིན་རུང་ཐོག་མཐའ་བར་གསུམ་དུ་ཏང་གིས་དཀྲིས་པའི་ལས་འགན་ལེགས་གྲུབ་ཧུར་ཐག་བྱས་ཏེ་ཏང་གི་སྲིད་ཇུས་ལྟར་ལས་དོན་བསྒྲུབས་པ་ཡིན། མ་གཞི་ངས་སྒྲུབ་པའི་གསར་བརྗེའི་ལས་དོན་དེ་ཧ་ལས་དགོས་པ་དང་ཧང་སངས་དགོས་པ་ཞིག་མིན་ནའང་། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་རང་གཤིས་ལ་འགྱུར་བ་གཏན་ནས་གཏོང་མྱོང་མེད་ཅེས་བརྗོད།

    1947ལོར་ཧོའེ་ཧོ་གཙང་འགྲམ་གྱི་ཕ་ཡུལ་ཨན་ཧུའེ་ལིན་ཆོན་ནས་གསར་བརྗེའི་དཔུང་ཁག་ནང་ཞུགས་པ་དང་། 1948ལོར་གཟི་བརྗིད་ངང་གུང་ཁྲན་ཏང་ཡོན་ཞིག་ཏུ་འགྱུར་བར་དྲན་གསོ་བྱེད་སྐབས་ཀུའུ་ཧུང་རུང་གིས་མྱོང་ཚོར་ཟབ་མོས་ལོ་དེ་དག་ནང་ངས་དམག་འཁྲུག་གི་ལོ་ཟླའི་མེ་ལྕེ་མཁའ་ལ་འཕྱོ་བ་དང་དཀའ་ཚེགས་ཆེན་པོས་ལ་ཀླུང་མང་པོ་བརྒལ་བའི་དུས་རབས་བརྒྱུད་མྱོང་བ་དང་རྒྱལ་ཁབ་དབུ་བརྙེས་རྗེས་ཀྱི་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པ་དང་ལས་རིགས་ཀུན་དར་ཞིང་རྒྱས་པའི་དུས་སྐབས་བརྒྱུད་མྱོང་ལ། སྒྱུར་བཅོས་སྒོ་དབྱེའི་རྗེས་ཀྱི་དབྱར་མཚོ་རྒྱས་པ་ལྟར་གྱི་གོང་འཕེལ་དང་འགྱུར་ལྡོག་གསར་པའང་བརྒྱུད་མྱོང་། ང་རང་ལ་ཏང་གི་ལོ་ངོ་བརྒྱ་ཡི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་གོ་སྐབས་རག་པར་དགའ་ཚོར་ཆེན་པོ་སྐྱེ་ཡི་འདུག ལོ་དེ་དག་ནང་ངས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་ཏང་གི་འགོ་ཁྲིད་ལ་གོང་བཀུར་ཞུ་ཡི་ཡོད་ལ། ཏང་གི་འགོ་ཁྲིད་ལ་ཚེ་གང་གོང་བཀུར་ཞུ་རྒྱུ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།