དབུ་ཤོག>ཆེད་སྒྲིག
  • མའོ་ཨན་དབྱིང་། ཉེན་ཁར་མི་འཛེམ་པར་ཞུམ་མེད་མདུན་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲེན་ཀྲི་ལིན།   |     སྤེལ་དུས།  2021-06-15

    649051_yis_1623686400000_s.jpg

    འདི་ནི་མའོ་ཨན་དབྱིང་གི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས) 

    མའོ་ཨན་དབྱིང་ནི་1922ལོར་ཧུའུ་ནན་ཁྲང་ཧྲ་རུ་འཁྲུངས་ཤིང་། ཆུང་བྱིས་པའི་དུས་ནས་ཕ་མ་དང་མཉམ་དུ་ཧྲང་ཧའེ་དང་། ཀོང་ཀྲོའུ། ཝུའུ་ཧན་སོགས་ས་ཆར་བསྐྱོད། 1930ལོའི་ཟླ་10པར། ཨ་མ་དབྱང་ཁའེ་ཧུའེ་འཛིན་བཟུང་བྱས་ནས་བཙོན་དུ་ཚུད་པ་དང་མའོ་ཨན་དབྱིང་ཡང་བཙོན་དུ་བཅུག དབྱང་ཁའེ་ཧུའེ་གྲོངས་རྗེས། མའོ་ཨན་དབྱིང་བསྐྱབས་པ་དང་སྦྲགས་ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་འོག་ཧྲང་ཧའེ་རུ་འབྱོར། 1931ལོར་ཀྲུང་གུང་ཧྲང་ཧའེ་གསང་བའི་རྩ་འཛུགས་ལ་གཏོར་སྐྱོན་ཚབས་ཆེན་ཕོག ཕྱིས་སུ་མའོ་ཨན་དབྱིང་ཁྲོམ་ལམ་དུ་ཡུལ་འཁྱམ་དུ་སོང་བ་དང་བག་ལེབ་འཚོང་སར་དགེ་ཕྲུག་བྱེད་མྱོང་ལ་ཟོག་རོ་སྒྲུག་པ་དང་། ཚགས་པར་འཚོང་བ། མི་ཤུགས་འཁོར་ལོ་འབུད་པ་སོགས་དཀའ་སྡུག་ཚད་མེད་མྱངས་ཡོད།

    1936ལོར། ཀྲུང་གུང་གསང་བའི་རྩ་འཛུགས་ཀྱིས་མའོ་ཨན་དབྱིང་སུའུ་ལན་དུ་སློབ་སྦྱོང་བྱེད་པར་བཏང་། སུའུ་ལན་དུ་བཞུགས་རིང་། ཁོང་གིས་དམག་སྲིད་སློབ་གྲྭ་དང་དམག་དོན་སློབ་གླིང་དུ་སློབ་སྦྱོང་གནང་བ་དང་ཕྱིས་སུ་སུའུ་ལེན་རྒྱལ་སྲུང་དམག་ལའང་ཞུགས།

    1946ལོར། མའོ་ཨན་དབྱིང་ཡན་ཨན་དུ་ཕེབས། ལོ་དེ་རང་ལ་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། མའོ་ཙེ་ཏུང་གི“ངལ་རྩོལ་སློབ་ཆེན་གྱི་སློབ་ཚན་གསབ་དགོས”ཞེས་པའི་བཀའ་མངགས་ལྟར། མའོ་ཨན་དབྱིང་གིས་ཞིང་པ་དང་ས་ཁྲི་གཅིག་ཉལ་བ་དང་། འབྲུ་རིགས་གཅིག་པ་ཟ་བ། སོ་ནམ་གཅིག་པ་ལས་པ་རེད། བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ་ཀྲུང་དབྱང་ས་ཞིང་བཅོས་སྒྱུར་ལས་དོན་ཚོགས་པ་དང་མཉམ་དུ་ས་ཞིང་བཅོས་སྒྱུར་ལས་དོན་ལ་ཞུགས་པའམ་ཡང་ན་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་སྐབས་སུ་བཟོ་གྲྭར་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་འཁུར་ནའང་འདྲ་མའོ་ཨན་དབྱིང་གིས་རྟག་ཏུ་རང་གིས་རང་ལ་རེ་བ་ནན་པོ་བཅོལ་བ་མ་ཟད། མང་ཚོགས་དང་ཧ་ཅང་འདྲིས་པོར་གྱུར།

    1950ལོར། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལངས་ཤིང་། གཉེན་སྒྲིག་མ་ཐག་པའི་མའོ་ཨན་དབྱིང་གིས་ཁྲའོ་ཞན་དུ་དམག་ལ་ཞུགས་རྒྱུའི་འདུན་ཞུ་བྱས་ནས་ཀྲུང་གོ་མི་དམངས་དང་བླངས་དམག་སི་ལིང་པུའི་ཨུ་རུ་སུ་སྐད་ཀྱི་སྐད་སྒྱུར་དང་དྲུང་ཡིག་གི་འགན་བཞེས། ཁོང་ལས་ཀར་བརྩོན་ཞིང་འགན་འཁུར་པོ་ཡོད་པས་ལས་ཁུངས་ཀྱི་ལས་སྒོ་ཁོང་དུ་མྱུར་པོ་ཆུད།

    1950ལོའི་ཟླ་11ཚེས་25ཉིན་གྱི་སྔ་དྲོ། ཨ་རིའི་མཁའ་དམག་གི་རྟ་རྒོད་འཐབ་འཛིང་མདེལ་དབྱུག་གནམ་གྲུ་4གློ་བུར་དུ་ཁྲའོ་ཞན་གྱི་ཕིང་ཨན་པེ་ཏའོ་ཏཱ་ཡུས་ཏུང་དུ་གནས་པའི་དང་བླངས་དམག་སི་ལིང་པུའི་མཁའ་རུ་འཕུར་ནས་མཁྲེགས་གྱུར་རྡོ་སྣུམ་འབར་མདེལ་བཅུ་ཕྲག་འགའ་ཤས་དབྱུགས། བཀོད་འཐབ་ཁང་དུ་ཛ་དྲག་གི་ལས་ཀ་གནང་བཞིན་པའི་མའོ་ཨན་དབྱིང་སྟབས་མ་ལེགས་པར་གྲོངས་ཤིང་། སྐབས་དེ་དུས་དགུང་ལོ་28རེད།

    གནས་ཚུལ་དེ་རྒྱལ་ནང་དུ་ཁྱབ་རྗེས། མའོ་ཙེ་ཏུང་གིས་བུ་གྲོངས་པའི་སེམས་སྡུག་བཟོད་བསྲན་གྱིས“དམག་བརྒྱབ་ན་མི་ཤི་ངེས་རེད། ཀྲུང་གོ་མི་དམངས་དང་བླངས་དམག་གིས་བཀོད་འཐབ་པ་མང་པོའི་ཚེ་སྲོག་བློས་བཏང་བས་ཁོང་ཚོ་ཚང་མ་གཟི་བརྗིད་ལྡན་པ་རེད། ཨན་དབྱིང་ནི་འཐབ་འཛིང་པ་དཀྱུས་མ་ཞིག་རེད། ངའི་ཕྲུ་གུ་ཡིན་པའི་དབང་གིས་དོན་ཆེན་ཞིག་ལ་བརྩི་མི་དགོས”ཞེས་གསུངས་པ་རེད། ཁོང་ནི་མའོ་ཙེ་ཏུང་གི་ནང་མིས་ཀྲུང་གོ་མི་དམངས་ཀྱི་གསར་བརྗེའི་བྱ་གཞག་ཆེད་དུ་ཚེ་སྲོག་སྐྱེས་སུ་ཕུལ་བའི་གྲས་ཀྱི་གཉེན་ཉེ་དྲུག་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།