བོད་རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཚོགས་འདུ་འཚོགས་པ།
ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་དགུ་པ་ཉེ་ཆར་བོད་དུ་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཚེས་8ཉིན་གྱི་སྔ་དྲོ་ལྷ་སར་བོད་རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཚོགས་འདུ་འཚོགས་པ་རེད། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པའི་ཙུའུ་ཀྲང་ཡུས་ཞའོ་མིང་གིས་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པའི་ཙུའུ་ཀྲང་གཞོན་པ་ཁྲའེ་ཀྲེ་པིན་དང་། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པའི་ཁོངས་མི་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།
ཡུས་ཞའོ་མིང་གིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་གཅིག་འདོམས་དང་ཕུགས་ལ་དམིགས་ཏེ་གཏན་འཁེལ་གནང་བའི་ཐབས་ཇུས་གལ་ཆེན་ཞིག་དང་། རང་རེའི་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ལོ་རྒྱུས་ཀྱི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ། འབད་འབུངས་ཡར་བརྩོན་གྱིས་འབྱུང་འགྱུར་གཏོད་པ་བཅས་ཀྱི་འཐབ་ཇུས་དང་བྱ་ཐབས་གལ་ཆེན་ཞིག་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་གལ་ཆེའི་དུས་སྐབས་སུ། ཏང་ཀྲུང་དབྱང་གིས་མཛུབ་ཁྲིད་ཚོགས་ཆུང་མངགས་ནས་དུས་ཐོག་ཏུ་མཛུབ་ཁྲིད་ལས་དོན་སྤེལ་རྒྱུའི་ཐག་བཅད་པ་དེ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་སྤེལ་དང་། སློབ་སྦྱོང་སློབ་གསོ་སྤུས་ཚད་ཡག་པོ་དང་ཕན་འབྲས་ཆེན་པོ་ཡོང་བ་འགན་ལེན་ཏན་ཏིག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཀྲུང་དབྱང་གིས་ལས་དོན་གལ་ཆེན་ཡག་པོ་སྒྲུབ་པར་སྐུལ་འདེད་གཏོང་བའི་བྱེད་སྟངས་དང་བྱེད་ཐབས་ཀྱང་ཡིན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པས་ཀྲུང་དབྱང་གི་དགོངས་དོན་བརྒྱུད་བསྒྲགས་ལག་བསྟར་དང་། འཕེལ་རིམ་གྱི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ། ལས་འགན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་སྐུལ་འདེད། དཔེ་མཚོན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ། དུས་ཐོག་ཏུ་ལས་ཀའི་གྲོས་འགོ་འདོན་པ་སོགས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད། མཛུབ་ཁྲིད་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆེད་དོན་སློབ་སྦྱོང་དང་ཆེད་དོན་གསོ་སྦྱོང་ལ་སྐུལ་འདེད་དང་དམ་འཛིན་ཡག་པོ་བྱེད་པ་ནས་འགོ་བཙུགས་ཏེ་ཏང་གི་ལོ་རྒྱུས་ཀྱི་ཆེད་དོན་ཏང་གི་སློབ་ཚན་སློབ་ཁྲིད་བྱས་ཚུལ་ཤེས་རྟོགས་བྱ་རྒྱུར་དོ་སྣང་དང་། ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་དང་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པར་སྐུལ་འདེད། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོར་དམ་འཛིན་ཡག་པོ་བྱེད་པར་མཛུབ་ཁྲིད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ལྟེ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་གཉིས་ཀར་སྐུལ་འདེད་དང་གཉིས་ཀ་མི་འཕྱུགས་པ་སོགས་ཀྱི་ཐད་ནས་མཛུབ་ཁྲིད་ཀྱི་ལས་དོན་ཡག་པོ་སྤེལ་བར་སྐུལ་འདེད་བཏང་སྟེ། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དེ་བས་ལེགས་པའི་སྒོ་ནས་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་གྱིས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན།
ཝུའུ་དབྱིང་ཅེས་བསྟན་དོན། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་འགག་རྩའི་དུས་སུ། ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་དགུ་པ་བོད་དུ་ཕེབས་ནས་རང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་གནང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་པ་དང་། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པས་བོད་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་མཚོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་ཕྱི་གསལ་ནང་གསལ་དང་རང་འགུལ་ངང་གཞོགས་འདེགས་ཧུར་ཐག་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་ལེན་ཡག་པོ་དང་། རང་འགུལ་ངང་ལྟ་སྐུལ་དང་མཛུབ་ཁྲིད་དང་ལེན། ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་གནས་ཚུལ་མཚོན་པ། བཏོན་པའི་གནད་དོན་སེམས་ཆུང་ངང་དང་ལེན་བཅས་བྱས་ནས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པས་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།
ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྔར་བས་ཡག་པོ་སྒྲུབ་པར། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་ལ་བརྩིས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ལས་དོན་གྱི་སྔོན་དཔག་རང་བཞིན་དང་གསར་གཏོད་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་ཁྲིད་སྟོན་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
གཉིས་ནས་འགན་འཁྲི་ནན་དུ་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། ཤུགས་རྐྱེན་ཟབ་མོ་ཐེབས་པར་བྱེད་པ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་ཁག་སྤེལ་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་། རང་འགུལ་ངང་ཚད་གཞི་དང་བསྡུར་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དགོངས་དོན་གྱི་ངོ་བོར་གོ་བ་ནན་ཏན་ལེན་པ། སྲོག་ཤིང་གི་དོན་སྙིང་ཁོང་དུ་ཡང་དག་ཆུད་པ། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། “སྲུང་སྐྱོང་གཉིས”དེ་བས་བརྟན་པོ་དང་རང་རྟོགས་ངང་བྱེད་ཐུབ་པ་བྱེད་དགོས། རང་འགུལ་ངང་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་ཏང་གི་སློབ་ཚན་ཁྲིད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་སྣེ་ཁྲིད་བྱས་ནས་གོ་བདེ་ཤེས་སླ་དང་། དང་ལེན་བྱེད་བདེ་བའི་བྱ་ཐབས་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་། མར་ཁེ་སི་རིང་ལུགས་འགྲིག་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་སོགས་ཀྱི་གཞི་རྩའི་གནས་ལུགས་གསལ་པོ་ཤོད་དགོས། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་ཤུགས་ཆེན་ཕྱིན་པར་བརྟེན་ནས། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བའི་ཆེས་རྩ་བ་ནི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་བདམས་པས་ཡིན་པ་གསལ་པོ་བཤད་དེ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས།
གསུམ་ནས་དམངས་ལ་བྱ་བ་དངོས་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུར་དམ་པོར་དམིགས་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་མཉམ་འདྲེས་བྱེད་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། དམངས་ལ་བྱ་བ་དངོས་སྒྲུབ་རིང“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ”“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་དགོས་པ”སོགས་ཀྱི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་བཅས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ཏང་གི་མི་རིགས་རིག་གཞུང་དང་མི་རིགས་སྲིད་ཇུས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་སོགས་གཏིང་ཟབ་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ“མོས་སེམས་ལྔ”སེམས་གཏིང་ལ་འཇགས་པ་དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་ཁྲག་རྒྱུན་ནང་འདྲེས་པར་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་ཁྲིད་སྟོན་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣