བྱེ་པ་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོའི་5Aམཛེས་ལྗོངས་ཁུལ་དུ་གནས་པའི་ལྟེ་བའི་གྲོང་ཚོ་ཞིག་རེད། དེ་གར་གངས་རི་འགྱིང་ངེར་གནས་པ་དང་། དྭངས་གཙང་ཆུ་མོས་མཐའ་ནས་བསྐོར་བས་ལོ་ལྟར་དཔྱིད་ཀ་དང་དབྱར་ཁར་སྤྲིན་སྨུག་འཁྲིགས་པ་དང་བྱ་བྱིའུ་ཅི་དགར་འཕུར་ལྡིང་བྱེད་བཞིན་ཡོད་པས་མི་ཡུལ་གྱི་ལྷ་ཡུལ་ལྟར་སྣང་། དེ་དག་ནི་རང་བྱུང་ཁམས་ཆེན་པོའི་དྲིན་ཡིན་ཞིང་། ལོ་ལྟར་བྱེ་པ་གྲོང་ཚོར་ཡུལ་སྐོར་དང་། ཞག་སྡོད། དམངས་སྲོལ་མྱོང་རོལ་བཅས་ལ་ཡོང་མཁན་བགྲང་གིས་མི་ལངས་བ་ཞིག་ཡོད།
“ད་ལྟའི་དུས་ཚོད་ནི་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཤིག་ཡིན་པས། ཉིན་ལྟར་རང་འཁོར་བཏང་ནས་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་སོང་བས་ཁྱིམ་ཚང་མགྲོན་ཁང་གི་ཚོང་ཡང་ཇེ་ཡག་དུ་འགྲོ་བཞིན་འདུག ལྷག་པར་དུ་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་བར་ལའི་ཕུག་ལམ་ཤར་གཏོང་ཐུབ་རྗེས། ཡུལ་སྐོར་བ་ལོ་རེ་ལས་མ་འདས་པར་ཇེ་མང་དུ་ཕྱིན་སོང”ཞེས་བྱེ་པ་གྲོང་ཚོའི་གྲོང་མི་ནོར་བུས་གསར་འགོད་པར་བརྗོད་པ་དང་། ཁོང་གིས། 2005ལོར་སྲིད་གཞུང་གིས་ཤིང་གཅོད་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་བ་དང་འབྲེལ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གྲོས་འགོ་བཏོན་པ་ནས་བཟུང་། སྔོན་ཆད་ཤིང་བཅད་ནས་འཚོ་ཐབས་བྱེད་མཁན་གྱི་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་ཁྱིམ་ཚང་མགྲོན་ཁང་དང་བཟའ་བཏུང་ལས་རིགས་སོགས་གཉེར་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་ཕྱུག་འགྱུར་ལམ་བུར་སྐྱོད་བཞིན་ཡོད་ཅེས་བརྗོད།
གྲོང་ཚོའི་ནང་གད་སྙིགས་ཕུང་གསོག་ཐེབས་པ་དང་། ཅ་ལག་ཙག་ཙིག་ཕུང་གསོག་ཐེབས་པ། འཕྲོད་བསྟེན་གྱི་ཁུག་ཆ་མང་བ། རྩྭ་ངན་གང་བྱུང་དུ་སྐྱེ་བ། ཆུ་ཡུར་ནང་གད་སྙིགས་ཀྱིས་ཁེངས་པ་བཅས་ཀྱི་གནས་ཚུལ་ལ་དམིགས་ནས། བྱེ་པ་གྲོས་ཚོས་ཏང་ཡོན་ལས་བྱེད་པ་དང་གྲོང་མི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གཙང་སེལ་བཅོས་སྒྲིག་གཅིག་སྡུད་ཐོག་བྱས་པ་དང་འབྲེལ་དུས་བཀག་ལྟར་ལྟ་སྐུལ་དང་རྗེས་སྙེག་ཞིབ་བཤེར་སོགས་བྱས་པ་བརྒྱུད་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། ཡུལ་སྐོར་ལམ་རྒྱུད་ཀྱི་ཁོར་ཡུག་མཛེས་སུ་ཕྱིན་པ། གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་མཛེས་སུ་ཕྱིན་ནས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇཌ་ཚོར་སྣང་བཅས་སྔར་བས་ཟབ་ཏུ་སོང་ཡོད།
གྲོང་མིའི་ཁོར་ཡུག་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཁོར་ཡུག་སྲུང་སྐྱོང་ནང་ཐུན་མོང་ཐོག་ཞུགས་པའི་རྣམ་པ་ཡག་པོ་ཞིག་གཏོད་ཆེད། བྱེ་པ་གྲོང་ཚོས་དྲིལ་བསྒྲགས་ཐབས་ལམ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་འཕྲེད་ཡིག་འགེལ་བ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། སྦྱར་ཡིག་སྦྱོར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དྲིལ་བསྒྲགས་བྱེད་པ་དང་། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་། ལས་བྱེད་པ། རྒྱ་ཆེའི་མང་ཚོགས་དེའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ནས་དམངས་ཡོངས་ཀྱི་བྱ་སྤྱོད་སྤེལ་ཏེ་མཛེས་སྡུག་དང་སྡོད་མལ་གྱི་ཁོར་ཡུག་ཐུན་མོང་ཐོག་བཏོད་ཡོད་པ་རེད།