དབུ་ཤོག>ཆེད་སྒྲིག
  • ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-11

    འདི་ལོ་ལོ་28ལ་སླེབས་པའི་ནོར་བཟང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དཀྱིལ་རུ་ཤང་གྲའུ་ཕུ་གྲོང་ཚོའི་ཞིང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།

    “དབུལ་པོའི་བུ་ཕྲུག་ཧ་ཉིད་གོ་བ་སྔ”ཟེར་བ་བཞིན་མཐོ་འབྲིང་ནས་བཟུང་ངས་སློབ་ཞོར་དུ་གླ་པར་བསྐྱོད་དེ་ཁྱིམ་གྱི་ཁུར་པོ་ཡང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད་ཅེས་ནོར་བཟང་གིས་གསར་འགོད་པར་བཤད།

    “གླ་པ་བྱེད་པར་དཀའ་ལ་། ལས་གཏོད་བྱེད་པར་དེ་བས་དཀའ”འོན་ཀྱང་གྲ་ནང་རྫོང་གི་གཞོན་ནུ་ནོར་བཟང་གིས་དེ་དག་ཚང་མ་བརྒྱུད་མྱོང་ཡོད།

    ནོར་བཟང་གླ་པར་བསྐྱོད་པ་ལས་དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་པ་དང་ཆབས་ཅིག་མི་ཚེའི་མྱོང་བའང་ཟབ་ཏུ་ཕྱིན་ཡོད།

    གླ་པར་བསྐྱོད་པ་ལས་བྱུང་བའི་ཡོང་འབབ་དང་ཉམས་མྱོང་ལ་བརྟེན་ཏེ། 2019ལོའི་ཟླ་དང་པོར་ནོར་བཟང་གིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད་དེ་གྲ་ནང་རྫོང་གྲོང་དུ་བརྡ་ཆ་སྨྱན་སྦྱོར་ཀུང་སི་ཞིག་བཙུགས། ཁོང་གིས“ལས་གཏོད་ཐད་ངས་བསམ་བློ་ཡུན་རིང་བཏང་བ་ཡིན། ང་རང་ལྷ་སའི་བརྡ་ཆ་ཀུང་སི་ཕལ་ཆེ་བར་ལས་ཀ་བྱེད་མྱོང་ཡོད་པས་ལས་རིགས་དེར་རྒྱུས་མངའ་ཆེན་པོ་ཡོད་ཟེར་ཆོག་གི་ཡོད། བརྡ་ཆའི་ལས་ཀ་བྱས་ན་ཡོང་འབབ་མང་ལ་རྒྱལ་ཁབ་ཀྱིས་ཀྱང་རྒྱབ་སྐྱོར་བྱེད་པ་མ་ཟད། ད་དུང་ང་ཚོ་གཞོན་ནུ་ཚོར་ལས་གཏོད་བྱ་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡོད་པས། ཚོད་ལྟ་ཞིག་བྱ་རྒྱུའི་བསམ་བློ་འཁོར་བྱུང”ཞེས་བཤད།

    “དཀའ་བའི་བྲག་ལ་མ་འཛེགས་ན་བདེ་མོའི་ཐང་ལ་སླེབས་མི་སྲིད”ད་ཆ་ལས་གཏོད་ཀྱི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་སྐོར་གླེང་སྐབས་ནོར་བཟང་གི་སེམས་པ་རེ་ཞིག་ལྷོད་དུ་བབས་ཐབས་བྲལ་ཞིང་། ཁོང་གིས“སྔོན་མ་གླ་པ་བྱས་ན་གཞན་གྱི་ཁོང་ཁྲོ་བཟོད་ཐུབ་པ་དགོས་ལ། ད་དུང་ཡོང་འབབ་ཀྱང་ཉུང་བས་དཀའ་ལས་ཆེན་པོ་ཡོད། འོན་ཀྱང་ད་ཆ་ལས་གཏོད་བྱེད་པ་དང་བསྡུར་ཚེ་སྔོན་མ་མྱངས་པའི་དཀའ་ངལ་ནི་གླེང་རིན་མེད་པ་ཞིག་རེད་འདུག”ཅེས་བཤད།

    ལས་གཏོད་བྱེད་པའི་ཐོག་མར་གློག་ཀླད་གཉིས་དང་པར་སློག་རྒྱག་ཆས་གཅིག་ནི་ནོར་བཟང་གི་སྒྲིག་ཆས་ཡོད་ཚད་རེད། ནོར་བཟང་ལ་ལས་གཏོད་ཀྱི་མ་དངུལ་ཁ་ཐང་བར་སེམས་ཁྲལ་དེ་ཙམ་མེད་པར། ཁོང་གི་སེམས་ཁྲལ་ཆེ་ཤོས་ནི་ལས་སྒོ་མེད་པར་ཉིན་མ་གང་འཁྱོལ་དུ་ལུས་ཡོང་བསམས་པ་དེ་རེད། “ཀུང་སི་ལས་གཉེར་མ་བྱས་གོང་དུ་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་ཧུར་ཐག་བྱས་ན་ཡུན་རིང་མ་འགོར་བར་རང་ཉིད་ལ་དབང་བའི་གནམ་ས་ཞིག་གཏོད་ཐུབ་ངེས་ཡིན་པའི་གདེང་ཚོད་ཆེན་པོ་ཡོད། འོན་ཀྱང་ངའི་བསམ་བློ་དེ་ནི་ངོ་མ་ཕྲུ་གུའི་སྣང་བ་རང་རེད་འདུག ལས་གཉེར་བྱས་ནས་ཡུན་རིང་སོང་རུང་མངཌ་ཐོ་གཅིག་ཀྱང་འབྱོར་མ་བྱུང”ཞེས་ནོར་བཟང་གིས་བཤད།

    ལས་སྒོ་འཚོལ་ཆེད་ནོར་བཟང་གིས་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱུགས་པ་དང་། དེ་ལྟར་ཡུན་རིང་མ་སོང་བར་ལས་གྲྭའི་པར་རིས་པར་སློག་རྒྱག་པ་དང་། ཇུས་འགོད་དང་དྲིལ་བསྒྲགས་སྒྲོམ་བཟོ་བའི་ལས་སྒོ་རག “ལས་ཀ་ཆུང་ཙག་ཞིག་ཡིན་རུང་སེམས་ནུས་ཡོད་རྒུས་སྒྲུབ་དགོས། བརྡ་ཆའི་ཀུང་སི་མང་པོ་ཡོད་པས་གལ་ཏེ་ལས་སྒོའི་སྤུས་ཚད་མ་ལོན་ཚེ་འཁྱོལ་ཁག་པོ་རེད”ཅེས་ནོར་བཟང་གིས་བཤད།

    ནོར་བཟང་གིས་བྱ་བ་གང་ཞིག་བསྒྲུབ་རུང་རང་ཉིད་ངོ་མས་བྱེད་པ་དང་སྤུས་ཚད་ལེཌ་པ་དང་སྤུས་ལེགས་ཀྱི་ཞབས་ཞུར་སྐུ་མགྲོན་ཚོས་དགའ་པོ་བྱེད་ཀྱི་ཡོད་པས་ལས་གཏོད་ཀྱི་ལམ་བུ་རིམ་བཞིན་ཇེ་ཡངས་སུ་ཕྱིན་ཡོད།

    ཐོག་མར་ལས་གཏོད་བྱེད་སྐབས་ཀྱི་དཀའ་ངལ་ཕྱིར་དྲན་བྱེད་སྐབས་ནོར་བཟང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས“འབད་བརྩོན་ཧུར་ལེན་བྱ་རྒྱུ་དེ་གཙོ་བོ་རེད་འདུག”ཅེས་བརྗོད།

    ལས་ལ་བརྩོན་པ་ཕུད། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་མཐའ་འཁྱོངས་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བར་རེ་འདོད་འཆང་རྒྱུ་ཡང་གལ་འགངས་ཆེན་པོ་རེད་འདུག་ཅེས་ནོར་བཟང་གིས་བརྗོད།

    “དབུལ་ཕོངས་ཁྱིམ་ནས་བུ་ཕྲུག་བཟང་པོ་ཐོན”ཕ་མ་གཉིས་ཀྱིས་ཉིན་མཚན་དབྱེར་མེད་ངང་ཁྱིམ་ཚང་ཆེད་དུ་དཀའ་ལས་བརྒྱབ་པ་མཐོང་སྐབས། ཁོང་གིས་ཁྱིམ་ཚང་གི་ཆ་རྐྱེན་ལེགས་སུ་བཏང་ནས་ཁོང་གཉིས་པོ་འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་དུ་འཇུག་རྒྱུའི་སེམས་ཐག་བཅད། ཁོང་གིས“ཕ་མ་གཉིས་པོ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་དེ་ཁ་ནས་ཤོད་པ་ཙམ་མིན་པར་བསམ་ཕོད་པ་དང་བྱེད་ཕོད་པ་བྱེད་དགོས། ལས་གཏོད་བྱེད་སྐབས་ཕམ་ཁ་བྱུང་སྲིད་རུང་གལ་སྲིད་ཚོད་ལྟ་བྱེད་པའི་བློ་ཁོག་མེད་ཚེ་རྒྱལ་ཁའི་སྤྲོ་སྣང་དེ་དུས་ནམ་ཡིན་ཡང་ཚོར་ཐབས་བྲལ”ཞེས་བརྗོད།

    ལས་སྒོར་གྲུབ་འབྲས་ཅུང་ཟད་ཐོན་རྗེས་ནོར་བཟང་གིས་ཀུང་སིའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་མི་གསར་པ་བསྡུ་འགོ་ཚུགས། ཁོང་གི་མིག་མདའ་དེ་ཞིང་འབྲོག་པ་དང་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བར་འཕེན་འགོ་ཚུགས།

    མི་འདེམས་སྐབས་ནོར་བཟང་གིས་འཇོན་ཐང་ཁོ་ནར་མ་བལྟས་པར་མི་དེའི་མི་གཤིས་ལ་དེ་བས་སྣང་ཆེན་བྱེད་ཀྱི་ཡོད། ཁོང་གིས“གལ་སྲིད་ཁོང་ཚོར་ལས་ཀ་ཡག་པོ་ཞིག་བྱེད་འདོད་པའི་བསམ་བློ་ལྡན་ཚེ་མ་ཤེས་པ་དག་ངས་བསླབས་ན་འགྲིག་གི་རེད”ཅེས་བརྗོད།

    ནོར་བཟང་གིས་གོ་སྐབས་དེ་ཡར་ཐོན་གྱི་བསམ་བློ་ལྡན་མཁན་དང་། དཀའ་ལས་རྒྱག་འདོད་མཁན། ཧུར་སེམས་ཡོད་མཁན། གསོན་ཤུགས་ལྡན་མཁན་བཅས་ཀྱི་གཞོན་ནུར་སྤྲོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁོང་ཚོར་རིན་མེད་ཀྱི་གསོ་སྦྱོང་བྱས་པ་དང་ཁོང་ཚོ་དང་མཉམ་དུ་ཀུང་སི་སྟོབས་ཆེར་བཏང་། ཁོང་གིས“ད་ཆ་ཀུང་སིའི་ལས་སྒོ་དང་ཡོང་འབབ་སྔོན་དཔག་ལྟར་མེད་རུང་། འོན་ཀྱང་འབྱུང་འགྱུར་ང་ཚོས་རྒྱ་སྟོབས་ཆེ་རུ་གཏོང་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད།

    དེ་དང་ཆབས་ཅིག་ནོར་བཟང་ལ་ཁེ་ལས་ཅན་གྱི“འགན་འཁྲིའི་སེམས་པ”ལྡན་ཡོད། ཀུང་སི་བཙུགས་ནས་དུས་ཚོད་རིང་པོ་སོང་མེད་པ་དང་ཡོང་འབབ་ཀྱང་མང་པོ་མེད་རུང་། ཁོང་གིས་གྲའུ་ཕུ་གྲོང་ཚོའི་དཀའ་ངལ་ཡོད་པའི་མང་ཚོགས་དང་འགན་ལེན་ལྔའི་དུད་ཚང་ལ་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་སྤྲོད་རྒྱུ་མཐའ་འཁྱོངས་ཀྱིས་ཁོང་ཚོར་ཟོལ་མེད་ཀྱི་བརྩེ་སེམས་འཆང་ལུགས་མཚོན་པར་བྱེད་ཀྱི་ཡོད། ཁོང་གིས“ཚང་མ་ཡག་པོ་བྱུང་ན་གཞི་ནས་ཡག་པོ་བྱུང་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱང་ང་ཚོའི་ཕ་མ་བཞིན་འཚོ་བར་དཀའ་ངལ་ཆེན་པོ་ཡོད། ངས་ནུས་པས་ལྕོགས་ཚོད་ཀྱིས་ཁོང་ཚོ་ཡང་ངའི་ཕ་མ་བཞིན་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་ཡིན”ཞེས་བརྗོད།

    ནོར་བཟང་ལ་གཅེས་སེམས་དེ་འདྲ་ལྡན་པར་ང་ཚོ་དགའ་པོ་འདུག་ལ་ཁོང་གི་མི་ཚེའི་ལམ་བུ་དེ་བས་ཇེ་ཡངས་སུ་འགྲོ་རྒྱུའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།