དབུ་ཤོག>ཆེད་སྒྲིག
  • དམངས་ཕན་ཐབས་ཇུས་བཟང་། གད་སྙིགས་ནོར་བུར་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-09

    ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་མ་བྱས་ཚེ། གང་སར་གད་སྙིགས་ཀྱིས་ཁེངས་ནས། གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པར་དཀའ་ངལ་འཕྲད་རྒྱུ་མ་ཟད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད“བཀག་རྡོ”ལྟ་བུར་འགྱུར་རྒྱུ་རེད།

    མང་ཚོགས་ལ་རང་རྟོགས་ངང་གད་སྙིགས་རིགས་དབྱེ་གཙང་སེལ་དང་ཕྱིར་བསྡུ་བེད་སྤྱོད་ཀྱི་དར་སྲོལ་གསར་པ་ཞིག་འཇགས་པར་བྱས་ནས།“གྲོང་རྡལ་དང་གྲོང་ཚོའི་བཀོད་པ་ཁམས་གཙང་ཡོང་བ”རྒྱུན་རྣམ་ཅན་དུ་འགྱུར་བར་ཁྲིད་སྟོན་ཇི་ལྟར་བྱེད་དགོས་སམ། དོན་དེར་སྣང་རྫོང་གྲོང་མདའ་གྲོང་རྡལ་གྱིས་གད་སྙིགས་རིགས་དབྱེའི་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ལས་དོན་མི་སྣ་དང་ཏང་ཡོན་དང་བླངས་པ་ཆེད་མངགས་བཀོད་སྒྲིག་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་གད་སྙིགས་རིགས་དབྱེའི་གནས་སྟངས་དང་། གད་སྙིགས་རིགས་དབྱེ་ཇི་ལྟར་བྱེད་དགོས་པ། གད་སྙིགས་རིགས་དབྱེའི་ཕན་ཡོན་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་པས་གད་སྙིགས་རིགས་དབྱེ་དང་གཙང་སེལ་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་ཡོད།

    གད་སྙིགས་རིགས་དབྱེ་དང་ཕྱིར་བསྡུ་གཙང་སེལ་བྱེད་པའི་མང་ཚོགས་ཀྱི་ཧུར་སེམས་འཕེལ་བར་བྱ་ཆེད། 2019ལོའི་ཟླ་4པ་ནས་བཟུང་། གྲོང་མདའ་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་8ཀྱིས“གད་སྙིགས་དང་མཁོ་ཆས་བརྗེ་པོ་རྒྱག་པའི་སྒོ་རྩིས་ཚོང་ཁང”བཙུགས་ནས་ཚོང་གཉེར་བྱེད་འགོ་བཙུགས་ཤིང་། གྲོང་ཚོ་ཁག་གིས་སྒོར་5000སྒོ་རྩིས་ཚོང་ཁང་གི་འཁོར་རྒྱུག་མ་དངུལ་ལ་བརྩིས་ནས། འཁྲུད་གཞོང་དང་། འདག་རྫས་གཤེར་ཁུ། གཙང་ཤོག་སོགས་ཀྱི་མཁོ་ཆས་དང་བརྗེ་པོ་རྒྱག་རྒྱུར་སྤྱོད་ཀྱི་ཡོད། ཡུལ་མི་ཚོས་ལྕགས་རིགས་ཟོག་རོ་དང་། འགྱིག་སྙིགས། གྱོན་པ་རྙིང་པ་སོགས་ཕྱིར་བསྡུ་ཆོག་པའི་དངོས་པོ་སྒོ་རྩིས་ཚོང་ཁང་དུ་སྐྱེལ་བ་དང་། ལས་དོན་པས་རྩིས་བླངས་ཏེ་སྐར་མ་གསོག་པ་དང་སྐར་གྲངས་ངེས་ཅན་ལོངས་རྗེས་མཁོ་ཆས་དང་བརྗེ་པོ་རྒྱག་ཆོག་གི་ཡོད།

    “དེ་ལྟར་བྱས་པས་ཕྱོགས་གཅིག་ནས་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་ཏེ་དངོས་པོ་སྤྲོད་པར་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་དང་གད་སྙིགས་ཕྱིར་བསྡུ་བེད་སྤྱོད་བྱེད་པའི་མང་ཚོགས་ཀྱི་རང་འགུལ་བསམ་པར་སྐུལ་མ་ཐེབས་པ་མ་ཟད། ཕྱོགས་གཞན་ཞིག་ནས་གྲོང་གསེབ་ཀྱི་གད་སྙིགས་རིགས་དབྱེ་དང་ཕྱིར་བསྡུར་བྱེད་དཀའ་བའི་དཀའ་ངལ་ཐག་གཅོད་ཐུབ་སྟེ‘གད་སྙིགས་ཀྱིས་ཁེངས་པའི་གྲོང་ཚོ’བཅོས་སྐྱོང་བྱེད་པའི་ཐབས་ལམ་རྒྱ་ཆེར་ཕྱིན་ནས་ཟོག་རོ་ནོར་བུར་གྱུར་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་འགྲོ་བར་ཕན་པ་བྱུང་ཡོད”ཅེས་གྲོང་མདའ་གྲོང་རྡལ་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་པ་དང་། ཁོང་གིས“གད་སྙིགས་དང་མཁོ་ཆས་བརྗེ་པོ་རྒྱག་པའི་སྒོ་རྩིས་ཚོང་ཁང”བཙུགས་པ་ནས་བཟུང་། གྲོང་མདའ་གྲོང་རྡལ་གྱི་མང་ཚོགས་ཀྱིས་གད་སྙིགས་བརྗེ་རེས་བྱ་ཡུལ་དུ་ཁྱེར་ཡོང་ནས་མཁོ་ཆས་དང་བརྗེ་རེས་ཧུར་ཐག་བྱེད་ཀྱི་ཡོད་ཅེས་བཤད།

    ད་ཆ་གྲོང་རྡལ་གྱི“གད་སྙིགས་དང་མཁོ་ཆས་བརྗེ་པོ་རྒྱག་པའི་སྒོ་རྩིས་ཚོང་ཁང”མི་ཉུང་བ་ཞིག་གིས་ཡུལ་བབ་དང་བསྟུན་ཏེ་ཚོང་གཉེར་གྱི་ཁེབས་རྒྱ་ཆེ་རུ་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོང་གསེབ་ཀྱི་གད་སྙིགས་བཅོས་སྒྲིག་བྱེད་སྟངས་གསར་པ་བཏོད་ཡོད། དེ་མིན་ད་དུང་གྲོང་མདའ་གྲོང་རྡལ་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཅུང་འགྲོ་མགྱོགས་པའི་གྲོང་ཚོས་མ་དངུལ་ཉུང་ཤས་བཏོན་ནས་གད་སྙིགས་གཙང་སེལ་གྱི་འགྲོ་གྲོན་ལ་གཏོང་རྒྱུར་སྐུལ་ལྕག་བཏང་ཡོད།

    ཡུལ་མི་དབང་མོས“སྔོན་མ་འདི་དག་གད་སྙིགས་རང་དུ་བརྩི་གི་ཡོད། ད་ཆ་ང་ཚོར་མཚོན་ན་འདི་དག‘ནོར་བུ’རེད་འདུག དེས་མ་ཚད་ད་དུང་གད་སྙིགས་དང་མཁོ་ཆས་བརྗེ་པོ་བརྒྱབ་པ་བརྒྱུད་གྲོང་ཚོའི་ཕྲུ་གུ་ཚོར་ཡང་ཆུང་དུས་ནས་ཁོར་ཡུག་སྲུང་སྐྱོང་ལ་དགའ་ཞེན་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ། དེ་ལྟར་རྒྱུན་འཁྱོངས་བྱས་ཚེ་ང་ཚོའི་ཁྱིམ་གཞིས་སྔར་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུ་རེད”ཅེས་དགའ་སྤྲོའི་ངང་གསར་འགོད་པར་བཤད་བྱུང་།

    གད་སྙིགས་དང་མཁོ་ཆས་བརྗེ་རེས་དང་བསམ་བློའི་སློབ་གསོ་རྒྱག་པ་སོགས་ཀྱི་བྱ་ཐབས་ནུས་ལྡན་སྤྱད་པ་བརྒྱུད། གྲོང་མདའ་གྲོང་རྡལ་གྱིས་ཡུལ་མི་ཚོར་འབྱུང་རྩ་ནས་གད་སྙིགས་རིགས་དབྱེ་དང་གད་སྙིགས་ཉུང་དུ་གཏོང་བའི་གོམས་གཤིས་བཟང་པོ་འཇགས་པར་རིམ་བཞིན་ཁྲིད་སྟོན་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་ཤེས་དཔལ་ལྡན་པའི་ཤང་དང་གྲོང་རྡལ་འཛུགས་སྐྲུན་ལ་གསོན་ཤུགས་གསར་པ་བསྣན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།