དབྱར་འགོའི་ཡར་ཀླུང་ལུང་ཤུར་དུ་ལས་བྲེལ་ཧ་ཅང་ཆེ་བའི་རྣམ་པ་ཞིག་མངོན་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར། ཞིང་ནང་དང་མུ་ཁར་གྲོང་མི་ཁག་གཅིག་གིས་ཡུར་མ་རྒྱག་པ་དང་། ཁག་གཅིག་གིས་ལུད་རྒྱག་པ། ཁག་གཅིག་གིས་ལྗོན་ཤིང་གི་བསིལ་གྲིབ་འོག་ངལ་གསོ་བརྒྱབ་ནས་དགུང་ཟས་ཟ་བ་བཅས་དབྱར་དུས་ཀྱི་སོ་ནམ་ལས་ལ་གཞོལ་བའི་རྣམ་པ་ཞིག་མངོན་རྒྱུ་ཡོད།
ཞིང་ཆེན་ལམ་202བརྒྱུད་དེ་ལྷོ་ཕྱོགས་སུ་སྐྱོད་སྐབས་ཐག་རིང་ནས་ནགས་ཚལ་སྟུག་པོ་ཞིག་མཐོང་རྒྱུ་ཡོད་པ་དང་ལྕང་མའི་ལོ་མ་དག་ལ་ཉི་འོད་འཕྲོས་ནས་འོད་མདངས་འཕྲོ་བཞིན་མཆིས། དེ་ནི་ལྷོ་ཁ་གྲོང་ཁྱེར་ནས་སྤྱི་ལེ་17གྱི་མཚམས་སུ་ཡོད་པའི་སྣེ་གདོང་ཆུས་ཕོ་བྲང་ཤང་ཧ་ལོ་སྒང་གྲོང་ཚོ་ཡིན་པ་དང་དེ་སྔའི“གྲོང་ཚོ་དབུལ་པོ”དེ་ད་ཆ་རྣམ་པ་གསར་རྐྱང་དུ་གྱུར་ནས་སྣེ་གདོང་ཆུས་ཀྱི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་སྐྱེ་ཁམས་སྡོད་མལ་དང་ཤེས་དཔལ་དཔེ་སྟོན་གྱི་གྲོང་ཚོར་གྱུར་ཏེ་ལྗོན་ཤིང་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། ནམ་མཁའ་དེ་བས་སྔོ་བ། མི་སེར་དེ་བས་འབྱོར་ཕྱུག་ལྡན་པ་བཅས་ཀྱི་རྣམ་པ་མངོན་ཡོད།
མཛེས་སྡུག་ལྡན་པའི་གྲོང་གསེབ་པིར་གྱིས་བྲིས་པ་ལྟར་མཛེས།
གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་བཅོ་ལྔ་ཚེ་རིང་གི་སྣེ་ཁྲིད་འོག་ང་ཚོ“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བློ་བཟང་རྒྱལ་མཚན་གྱི་ཁྱིམ་དུ་བསྐྱོད་པ་ཡིན། དེ་ནི་ཁང་མིག་16ཡོད་པའི་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་སྤྲོ་ཁང་ཞིག་ཡིན་པ་དང་ཁང་པའི་ནང་འཁྱགས་སྒམ་དང་། གོས་འཁྲུའི་འཕྲུལ་ཆས། འཁྱགས་སྒྲོམ། དུག་སེལ་སྒམ་སོགས་ཁྱིམ་ཆས་དང་འཚོ་བའི་མཁོ་ཆས་ཆ་ཚང་འདུག ཚོམས་ཆེན་གྱི་མངོན་གསལ་དོད་ཤོས་ཀྱི་སར་བློ་བཟང་རྒྱལ་མཚན་གྱིས་སྤོབས་པ་ཆེ་ཤོས་བྱེད་པའི་ཕོ་བྲང་ཤང་གི་སྡོད་མལ་ལ་འཚམ་པའི་ཞིང་ཁྱིམ་ཚན་པའི་སྐོར་སྐྱོད་དར་དམར་བཀལ་ཡོད་པ་དང་དེ་ནི་ཤང་གིས་ཁོང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིའི་ངོས་ནས་འདི་ལོའི་དུས་ཚིགས་དང་པོའི་ལས་དོན་ལ་ཁས་ལེན་བྱས་པ་ཞིག་རེད།
2019ལོའི་ཟླ་8པར་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་སྒོ་བྱང་བཀལ་ཚུན། ཧ་ལོ་སྒང་གྲོང་ཚོས་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཁོར་ཡུག་འཕྲོད་བསྟེན་དང་། སྒྲིག་ཆས་གྲལ་འགྲིག་པ། ཉེ་འཁོར་སྔོ་འགྱུར། གྲུབ་ཆ་ལུགས་མཐུན་སོགས་ཚད་གཞིར་བྱས་ཏེ་གྲོང་ཚོ་དེ་ཡོངས་ཀྱི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིའི་ཁྱིམ་ཚང་18དང་ཞིང་ཁྱིམ་188ཀྱི་ཁྲོད་སྡོད་མལ་ལ་འཚམ་པའི་ཞིང་ཁྱིམ་ཚན་པ་དང་ཞིང་ཁྱིམ་གྱི་དཔེ་སྟོན་ཁྱིམ་ཚང་དཔྱད་འདེམས་བྱས་ནས་མི་ཚང་མས་ནུས་ཤུགས་འདོན་པ་དང་། དུད་ཚང་ཚང་མ་ཞུགས་པ། མཉམ་དུ“སྡོད་མལ་ལ་འཚམ་པའི་ཞིང་ཁྱིམ”འཛུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཧ་ལོ་སྒང་གྲོང་ཚོར་སྔ་རྗེས་སུ་ལྷོ་ཁའི་སྔོན་ཐོན་གྲོང་ཚོ(གྲོང་ལྷན)ཨུ་ལྷན་སོགས་ཀྱི་བྱ་དགའ་སྣ་ཚོགས་20ལྷག་ཙམ་ཐོབ་པ་རེད།
གྲུབ་ཆ་ལེགས་སྒྲིག་བྱས་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། “ཞིང་ལས་འཚམ་སར་ཞིང་ལས་དང་བཟོ་ལས་འཚམ་སར་བཟོ་ལས་བྱེད་པའི”རྩ་དོན་གཞིར་བཟུང་། ཧ་ལོ་སྒང་གྲོང་ཚོས་ས་ཞིང་རྒྱ་ཁྱོན་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐོན་ལས་འཕེལ་རྒྱས་དང་གྲོང་ཚོའི་ཁྱབ་ཁོངས་ཀྱི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།
“ང་ལ་འདི་གར་ཟླ་གཅིག་ལ་ཡོང་འབབ་སྒོར་4000ཡོང་གི་འདུག ཁྱིམ་དང་ཐག་ཉེ་བས་རྐང་འཁོར་བཞོན་ཚེ་སྐར་མ་5ལས་འགོར་གྱི་མི་འདུག་པས་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་བདེ་པོ་འདུག”ཅེས་མུའུ་བརྒྱ་ཡི་ཞིང་ལས་ཐོན་ལས་གླིང་དུ་ལས་ཀ་བྱེད་མཁན་ཕུར་བུ་སྒྲོལ་དཀར་གྱིས་རྒུན་འབྲུམ་སྡོང་པོར་ཡལ་གཅོད་བྱེད་བཞིན་འདི་ལྟར་བཤད།
ཕོ་བྲང་ཤང་ཧ་ལོ་སྒང་གི་མུའུ་བརྒྱ་ཡི་ཞིང་ལས་ཐོན་ལས་གླིང་གི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་2775བཏང་བ་དང་། ས་ཁྱོན་མུའུ་287ཟིན་པ། ཐོན་ལས་གླིང་གི་རྣམ་གྲངས་2019ལོའི་ཟླ་9པར་སྐྲུན་འགོ་ཚུགས་པ། 2020ལོའི་ཟླ་9པར་ལས་མཇུག་འགྲིལ་བ་བཅས་རེད། མིག་སྔར་རྣམ་གྲངས་དེར་ཁྱོན་འགྱིག་ཤོག་དྲོད་ཁང་ཆེན་པོ་23ཡོད་པ་དང་དྲོད་ཁང་ནང་ཤིང་ཏོག་ཁྲེ་ལི་ཙི་དང་། རྒུན་འབྲུམ། ཀུ་ཤུ་བཅས་བཏབ་ཡོད་པ་རེད།
“ང་ཚོས་ས་ཞིང་མུའུ་375ནང་བཤུག་བཏང་སྟེ་དབུལ་སྐྱོར་དྲོད་ཁང་བསྐྲུན་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཡོང་གི་ཡོད་པ་དང་ཆུ་འཁོར་དང་རྩམ་པ་ལས་སྣོན་ཆེད་ལས་མཉམ་ལས་ཁང་ལ་ལོར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡོང་གི་ཡོད་པས་དུས་ཡུན་རིང་པོའི་ནང་མཉམ་སྡེབ་དཔལ་འབྱོར་གཅིག་ཀྱང་མེད་པའི་རྣམ་པར་འགྱུར་ལྡོག་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཆུ་རྫིང་སོགས་རྨང་གཞིའི་སྒྲིག་བཀོད་རྒྱས་སྐྲུན་བྱས་ནས་རོལ་དབྱངས་ཇ་ཁང་དང་འཛུགས་སྐྲུན་རྒྱུ་ཆ་ཚོང་ཁང་སོགས་དངོས་ཚན་དཔལ་འབྱོར་འཚོལ་ཞིབ་དང་། ཧ་ལོ་སྒང་གཞིས་ཀ་ཉམས་གསོ་དང་། ཧ་ལོ་སྒང་གི་བྲོ་རྒྱུན་འཛིན། བཙན་པོའི་བང་སོ་སྲུང་སྐྱོང་སོགས་རིག་གནས་ཐོན་ལས་འཕེལ་རྒྱས་རྣམ་གྲངས་3གོང་ཞུ་འབྲེལ་མཐུད་བྱས་ཏེ་ཁྱད་ལྡན་ཐོན་ལས་གསར་གཏོད་དང་སྐྱེད་སྲིང་བྱ་རྒྱུ་ཡིན”ཞེས་བཅོ་ལྔ་ཚེ་རིང་གིས་ངོ་སྤྲོད་བྱས།
ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་ཀྱི་སྲོལ་གསར་བཏོད་པ།
ཧ་ལོ་སྒང་གྲོང་ཚོའི་རྒྱབ་རི་ནས་ཧ་ལོ་སྒང་གྲོང་ཚོའི་རྣམ་པ་ཆ་ཚང་མཐོང་ཐུབ་ཀྱི་ཡོད་ལ་སྔོ་ལྗང་གི་སྐྱེ་ཁམས་འགོག་སྲུང་ནགས་ཚལ་ཞིག་ཀྱང་ང་ཚོའི་མིག་ལམ་དུ་འཆར་རྒྱུ་ཡོད།
“དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་། ང་ཚོའི་གྲོང་ཚོར་ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་འགོ་ཚུགས་ཡོད། སྐབས་དེ་དུས་མི་རེས་ལོ་རེར་སྡོང་ཕྲུག་10རེ་བཙུགས་ནས་དུས་བཀག་ལྟར་ཤིང་ལ་འབུ་སྨན་གཏོར་རྒྱུའི་གྲོས་འགོ་བཏོན་ཡོད། གྲོང་མི་ཚོས་རང་ཉིད་ཀྱི་ཕྲུ་གུར་ལྟ་རྟོག་བྱེད་པ་ལྟར་སྡོང་ཕྲུག་ཚང་མར་ལྟ་རྟོག་བྱས་ཡོད། ད་ཆ་ང་ཚོའི་ནགས་སྲུང་བ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི། གྲོང་ཚོའི་ཏང་ཡོན་བཅས་ཀྱིས་རེས་མོས་ངང་ནགས་ཚལ་སྲུང་སྐྱོང་བྱེད་པ་དང་དུས་མཚུངས། ལོ་ལྟར་དཔྱིད་དུས་སུ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་སྒྲིག་འཛུགས་བྱས་ནས་ཤིང་འཛུགས་ནགས་བཟོ་བྱེད་ཀྱི་ཡོད”ཅེས་ཧ་ལོ་སྒང་གྲོང་ཚོའི་ས་སྐྱེས་རྡོ་སྐྱེས་ཀྱི་གྲོང་མི་བསོད་ནམས་དབང་ཕྱུག་གིས་བཤད།
ཧ་ལོ་སྒང་གྲོང་ཚོའི་དེ་སྔའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བསོད་ནམས་ཚེ་རིང་གིས“དེ་སྔ་ཧ་ལོ་སྒང་གྲོང་ཚོ་ནི་མིང་དོན་མཚུངས་པའི‘གྲོང་ཚོ་དབུལ་པོ’ཞིག་རེད། ད་ཆ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་གྲོང་ཚོ་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ཡུལ་སྲོལ་བཟང་བའི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་བཅས་ཕྱིན་ཡོད”ཅེས་བཤད།